ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-16



  སྤྱི་ཟླ་12པའི་ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ཝུའུ་ཀྲེན་ནས་ཨུ་རུ་སུའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུ་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ད་ལོ་ནས་བཟུང་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་འབྲེལ་བའི་ཚད་མཐོ་བའི་འཕེལ་རྒྱས་ཆུ་ཚད་རྒྱུན་འཁྱོངས་བྱས་ཏེ་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་གཡུར་དུ་ཟ་བའི་འབྲས་བུ་བླངས། ང་དང་སྲིད་འཛིན་ཕུའུ་ཅིན་གཉིས་ལ་ཐུན་མོང་གི་ངོས་འཛིན་བྱུང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་དང་ས་གནས་ཀྱི་གནས་བབ་ཅི་ལྟར་འགྱུར་ཡང་ང་ཚོས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་མཉམ་ལས་འབྲེལ་བ་སྲ་བརྟན་དང་གཏིང་ཟབ་ཏུ་སྤེལ་བའི་ལམ་ཕྱོགས་ལ་འགྱུར་བ་ཐེབས་མི་སྲིད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་དམིགས་འབེན་འགྱུར་མི་སྲིད། མཉམ་དུ་རྒྱལ་སྤྱིའི་དྲང་བདེན་དང་འཛམ་གླིང་ཞི་བདེ་ལ་འགན་སྲུང་བྱེད་པའི་ཆོད་སེམས་འགྱུར་མི་སྲིད། ལོ་གསར་པའི་ནང་ཕྱོགས་གཉིས་ཀྱིས་མཐུད་དུ་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་སྐུལ་འདེད་དུ་གཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་ཁེ་ཕན་བསྐྲུན་དགོས་ཞེས་བསྟན།།

  ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་གོ་དང་ཨུ་རུ་སུའི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་རྣམ་པ་བསྒྱུར་བཀོད་དང་སྒྲིག་གཞི་སྙོམས་སྒྲིག་བྱེད་པའི་གནད་འགག་གི་དུས་སྐབས་ལ་འཁེལ་འདུག ཕྱོགས་གཉིས་ཀྱིས་རྣམ་པ་གསར་པའི་གོ་སྐབས་དམ་འཛིན་བྱས་ཏེ་འཐབ་ཇུས་ཡིད་ཆེས་ཀྱི་རྩ་དོན་དང་གསར་གཏོད་རྒྱ་སྐྱེད་ཀྱི་སྙིང་སྟོབས་ལྟར་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུག་སྐྲུན་གྱི་མཐུད་སྦྲེལ་ལ་ཤུགས་སྣོན་བྱས་ཏེ་བཟོ་ཚོང་དང་དངུལ་རྩ། ཞིང་ལས། རྨང་གཞིའི་སྒྲིག་བཀོད། མི་ཆོས། ས་གནས་སོགས་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་རྒྱ་སྐྱེད་དེ་འབད་པ་ཆེན་པོས་མཉམ་འབྲེལ་མཉམ་རྒྱལ་གྱི་རྣམ་པ་གསར་པའི་མཉམ་ལས་འབྲེལ་བ་འཛུགས་དགོས་ཞེས་བསྟན།།

  མེ་ཏི་ཝེ་ཅེ་ཧྥུ་ཡིས་ཨུ་རུ་སུའི་ཕྱོགས་ནས་ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་མཉམ་ལས་འབྲེལ་བའི་འཕེལ་རྒྱས་ལ་ཡིད་ཚིམ་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་དང་མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བར་དགའ་སྤྲོ་སྐྱེས་བཞིན་ཡོད། ཨུ་རུ་སུའི་ཕྱོགས་ནས་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་དང་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་མ་ཟད། ཀྲུང་གོ་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་དང་ནུས་ཁུངས། དངུལ་རྩ། དངུལ་གཏོང་། ཆ་འཕྲིན་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདོད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1