སྤྱི་ཟླ་12པའི་ཚེས་16ཉིན། སྐབས་གཉིས་པའི་འཛམ་གླིང་མཉམ་སྦྲེལ་དྲ་བའི་ཚོགས་ཆེན་ཀྲེ་ཅང་ཞིང་ཆེན་གྱི་ཝུའུ་ཀྲིན་དུ་ཚོགས་འགོ་ཚུགས། རྒྱབ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་འགོ་ཚུགས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་མཉམ་སྦྲེལ་དྲ་བ་ཚབ་མཚོན་དུ་གྱུར་བའི་ཆ་འཕྲིན་ལག་རྩལ་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པ་འདིས་སྤྱི་ཚོགས་ཐོན་སྐྱེད་ཀྱི་བཅོས་བསྒྱུར་གསར་པར་སྣེ་ཁྲིད་བྱས་ཤིང་མིའི་རིགས་ཀྱི་འཚོ་བའི་བར་སྟོང་གསར་སྐྲུན་དང་རྒྱལ་སྐྱོང་མངའ་ཁོངས་གསར་བ་རྒྱ་སྐྱེད་པར་མ་ཟད་མིའི་རིགས་ཀྱི་འཛམ་གླིང་ལ་ངོས་འཛིན་བྱེད་པ་དང་བསྒྱུར་བཀོད་བྱེད་པའི་ནུས་ཤུགས་མཐོར་འདེགས་སུ་བཏང་། ཀྲུང་གོ་དེང་སྐབས་ཆ་འཕྲིན་ཅན་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་གནས་ཤིང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཤུགས་ཆེན་པོས་དྲ་བའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་མཉམ་སྦྲེལ་དྲ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ཀྲུང་གོའི་མི་གྲངས་དུང་ཕྱིར་བཅུ་གསུམ་ལ་མྱོང་དུ་བཅུག་པ་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་ངེས་ཞེས་བསྟན།
ཞི་ཅིན་ཕིང་གིས་དྲ་བའི་བར་སྟོང་ནི་མིའི་རིགས་ཀྱི་ཐུན་མོང་གི་བྱེད་སྒོ་སྤེལ་སའི་བར་སྟོང་ཡིན་པ་དང་། དྲ་བའི་བར་སྟོང་གི་མདུན་ལམ་ལ་འཛམ་གླིང་གི་རྒྱལ་ཁབ་སོ་སོས་མཉམ་དུ་ཚོད་འཛིན་བྱ་དགོས། རྒྱལ་ཁབ་སོ་སོས་འབྲེལ་འདྲིས་ལ་ཤུགས་སྣོན་དང་ཐུན་མོང་གི་ལྟ་ཚུལ་རྒྱ་བསྐྱེད། མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་དྲ་བའི་བར་སྟོང་གི་ལས་དབང་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་དགོས་ཞེས་བསྟན་པ་དང་། དེ་མིན་ཁོང་གིས་དེ་མཐུན་གྱི་རེ་བ་ལྔ་བཏོན་པ་གཤམ་གསལ་ལས། གཅིག འཛམ་གླིང་ཡོངས་ཀྱི་དྲ་བའི་རྨང་གཞིའི་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་དྲ་སྦྲེལ་ལ་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མི་དམངས་ལ་མཉམ་སྦྲེལ་དྲ་བས་བསྐྲུན་པའི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱེད་དུ་འཇུག་དགོས། གཉིས། དྲ་ཐོག་ནས་རིག་གནས་བརྗེ་རེས་བྱེད་པའི་མཉམ་སྤྱོད་སྟེགས་བུ་གསར་སྐྲུན་བྱ་དགོས། གསུམ། དྲ་བའི་དཔལ་འབྱོར་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། བཞི། དྲ་བའི་བདེ་འཇགས་ལ་འགན་སྲུང་བྱས་ཏེ་གོ་རིམ་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། ལྔ། མཉམ་སྦྲེལ་དྲ་བ་བཅོས་སྐྱོང་གི་མ་ལག་གསར་སྐྲུན་བྱ་དགོས་པ་བཅས་སོ།
ཞི་ཅིན་ཕིང་གིས་མཇུག་མཐར་མཉམ་སྦྲེལ་དྲ་བ་ནི་མིའི་རིགས་ཀྱི་ཐུན་མོང་གི་གཞིས་ཁྱིམ་ཡིན། འཛམ་གླིང་མཉམ་སྦྲེལ་དྲ་བའི་ཚོགས་ཆེན་སྤེལ་དོན་ནི་འཛམ་གླིང་མཉམ་སྦྲེལ་དྲ་བར་མཉམ་སྤྱོད་མཉམ་སྐྱོང་གི་སྟེགས་བུ་ཞིག་བསྐྲུན་པ་དང་མཉམ་དུ་མཉམ་སྦྲེལ་དྲ་བ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་ཆེད་ཡིན་ཞེས་བསྟན།།