ལོ་རྒྱུས་རྙིང་བ་དག་ཏུ་གཉའ་གོང་བྲག་དཀར་དགོན་པ་ཟེར་མོད། ཕྱིས་སུ་རྒན་གྱའི་བྲག་དཀར་དགོན་པ་ཟེར་བ་འདི་ནི། རེབ་གོང་ཤར་སྐལ་ལྡན་རྒྱ་མཚོས་1607-1677ལོར་མཛད་པའི་ཨ་མདོའི་ཆོས་འབྱུང་ལས། འཁོར་ལོ་སྡོམ་པའི་ཕོ་བྲང་གཉའ་གོང་བྲག་དཀར་གྱི་གནས་སྒོ་དང་བོ་ཨུ་རྒྱན་རིན་པོ་ཆེས་ལེགས་པར་ཕྱེ། ཞེས་སྤྱི་ལོ་766ལོར་རྒྱ་གར་ནས་བོད་དུ་ཕེབས་པའི་ཨུ་རྒྱན་རིན་པོ་ཆེའམ། མཚན་གཞན་ལ་སློབ་དཔོན་པད་མ་འབྱུང་གནས་ཟེར་བ་ཁོང་གིས་དམ་པའི་ཆོས་སྒྲུབ་པའི་བསྟི་གནས་སུ་ངོས་འཛིན་གནང་བས། དེའི་དེ་ནས་བཟུང་ཕྱོགས་སོ་སོ་ནས་གྲྭ་བཙུན་དང་གྲུབ་ཆེན་རྣམས་བྱོན་ནས་སྒོམ་སྒྲུབ་གནང་བའི་ཆོས་སྡེ་ཞིག་ཏུ་གྱུར།
1265ལོར་ས་སྐྱའི་འགྲོ་མགོན་འཕགས་པ་རྒྱ་ནས་བོད་དུ་ཕེབས་སྐབས་འདིར་བྱོན་ནས་ཆོས་སྲིད་ཀྱི་མཛད་སྒོ་སྤེལ་བའི་ས་གནས་འགང་ཆེན་ཞིག་ཡིན་པ་ས་སྐྱའི་ལོ་རྒྱུས་དང་མདོ་སྨད་ཆོས་འབྱུང་དུ་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་མདོ་སྨད་ཆོས་འབྱུང་པར་ཐེངས་གསུམ་པའི་562ལས། གཞོན་ནུ་སེང་གེས་གཉའ་གོང་བྲག་དཀར་དུ་དགོན་པ་བཏབ། དགེ་འདུན་ཁྲི།སྔགས་པ་སྟོང་། དམག་མི་འབུམ་ཚོགས་པར་གྲགས། ཞེས་གསལ་བའི་གཞོན་ནུ་སེང་གེ་དེ་ནི།
རྗེ་ཙོང་ཁ་བའི་སློབ་དཔོན་གཞོན་ནུ་བྱང་ཆུབ་ཀྱི་སློབ་དཔོན་ཡིན་པ་རྗེ་ཙོང་ཁ་བའི་སློབ་མ་མཁས་གྲུབ་རྗེས་མཛད་པའི་རྗེ་ཙོང་ཁ་བའི་རྣམ་ཐར་དུ་གསལ། གཞོན་ནུ་སེང་གེ་ཁོང་མདོ་སྨད་ལྷོ་རྒྱུད་ཀྱི་བདག་པོ་ཡིན་སྟབས་མདོ་སྨད་ཀྱི་སྤྱི་དགོན་དུ་སྔར་གྱི་དགོན་པ་རྒྱ་སྐྱེད་བྱས་པ་ཡིན་ཞིང་། འདི་དག་རོང་བོ་དགོན་ཆེན་གྱི་ལོ་རྒྱུས་སུ་ཡང་གསལ་བར་ཡོད།1635ལོར་ལྷ་ས་ནས་བྱོན་པའི་སྡེ་བ་ཆོས་རྗེས་དགོན་པར་ཆོས་གསུང་ཚུལ་དེའི་རྣམ་ཐར་དུ་གསལ།
1705ལོར་རྒན་གྱའི་པཎ་ཌི་ཏས་དགོན་པར་ཨ་མདོ་ལྷ་ཁང་ཀ་མེད་བཞེངས། 1711ལོར་རྒན་གྱའི་པཎ་ཌི་ཏས་དགོན་པར་མཚན་ཉིད་གྲྭ་ཚང་བཙུགས། 1752ལོར་གུང་ཐང་སྐུ་ཕྲེང་གཉིས་པས་མཚན་ཉིད་གྲྭ་ཚང་ནི་གསང་སྔགས་གྲྭ་ཚང་དུ་བསྒྱུར།1783ལོར་རྒན་གྱའི་མི་དམངས་ཡོངས་ཀྱིས་བྲག་དཀར་དགོན་པ་ཀུན་མཁྱེན་སྐུ་ཕྲེང་གཉིས་པར་ཕུལ། དེ་ནས་བཟུང་བྲག་དཀར་དགོན་པའི་དགོན་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཡིན་ལ། ཆོས་ཀྱི་ལམ་སྲོལ་བླ་བྲང་དགོན་པ་ལ་གཏུགས་བཞིན་ཡོད།
རྒན་གྱའི་མང་ཚོགས་ཀྱི་བླ་མ་གུང་རུ་མཁའ་འགྲོ་མ་ཡང་དགོན་པ་དང་འབྲེལ་ལམ་བཟང་ཞིང་བོད་ཀྱི་བུད་མེད་སྤྲུལ་སྐུ་གྲགས་ཆེན་ཞིག་ཡིན། རྒྱའི་ཡིག་ཚང་དུ་གསལ་བའི་雕窠城དང་། ཧན་རྒྱལ་རབས་སྐབས་སུ་བཙུགས་པའི་白石县ཡང་དགོན་འདིའི་ཉེ་འདབས་སུ་ཡོད་པས། ཡུལ་སྐོར་བྱེད་མཁན་གྱི་སྐུ་མགྲོན་རྒྱལ་ཁབ་ཕྱི་ནང་ནས་ཚང་ཁ་ཤིག་ཤིག་ཏུ་ཡོང་གི་ཡོད། ད་ལྟ་གྲྭ་བཙུན་100ཡིས་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་ཆེད་དུ་ནང་བསྟན་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་བཞིན་ཡོད།
2015.5.13