ཁྱིམ་ཚང་གིས་བྱིས་པའི་སློབ་གསོར་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཡིན། སློབ་གསོ་ལེགས་ན་བྱིས་པ་འཚར་ལོངས་འབྱུང་བ་དང་བྱིས་པའི་འཇོན་ཐང་བསྐྱེད་པར་ཕན་ལ། སློབ་གསོ་མ་ལེགས་ན་བྱིས་པའི་འཕེལ་རྒྱས་དང་མདུན་ལམ་ལ་གནོད་པ་ཡིན་པས་དེའི་སྐོར་གྱི་བྱེད་ཐབས་འགའ་གླེང་བར་བྱ།
1.བྱིས་པར་གནད་དོན་ཐག་གཅོད་ཐབས་སློབ་པ།
ལྷམ་སྒྲོག་བཅིངས་ཤེས་པ་དང་རང་གིས་གཞུང་ལམ་འཕྲེད་དུ་གཅོད་ཤེས་པ་ཚུན་ཆད་ཀྱི་གོམ་པ་རེ་རེ་ནི་བྱིས་པ་སྒེར་ཚུགས་ཀྱི་ལམ་དུ་བསྐྱོད་པའི་རྟགས་མཚན་རེ་རེ་ཡིན། བྱིས་པས་རང་ཉིད་ལ་མིག་མདུན་གྱི་གནད་དོན་ཐག་གཅོད་པའི་ནུས་པ་ཡོད་པ་ཤེས་ཚེ། དེས་ཁོ་ཚོར་སྤྲོ་སྣང་དང་རྒྱལ་ཁ་ཐོབ་པའི་སྣང་བ་སྟེར།གལ་ཏེ་ཁོ་བར་ཆད་ལ་འཕྲད་ཚེ། དཔེར་ན་གྲོགས་པོས་ཁོས་རི་མོ་སྒྲིག་མ་ཤེས་པར་འཕྱ་སྨོད་བྱས་ཚེ། ཁྱོད་ཀྱིས་ཁོ་ལ་འདི་ལྟར་རོགས་བྱ་དགོས་ཏེ། དང་པོར་ཁོའི་གནད་དོན་གང་ཡིན་པ་གཏན་ཁེལ་བྱེད་པ་དང་། དེ་ནས་ཁོ་ལ་ཁོའི་ཐག་གཅོད་ཐབས་བཤད་དུ་འཇུག་པ། གསུམ་ནས་གནད་དོན་ཐག་གཅོད་ཐབས་ཀྱི་གོ་རིམ་འཚོལ་བ་དང་། བཞི་ནས་ཁོ་རང་ཉིད་ལ་གནད་དོན་དེ་ཐག་གཅོད་དུ་འཇུག་པའམ་རོགས་རམ་གང་འཚམ་བྱེད་པ། ལྔ་ནས་ཁོ་ལ་དགོས་ངེས་ཀྱི་རོགས་རམ་ཐོབ་ཐུབ་པར་ཡིད་ཆེས་སྟེར་བ་བཅས་ཡིན།
2.བྱིས་པར་འཁྲབ་སྟོན་གྱི་གར་སྟེགས་བསྐྲུན་པ།
བྱིས་པ་རེ་རེར་དམིགས་བསལ་གྱི་ལྷན་སྐྱེས་གཤིས་ཀ་མངའ་བ་ཡིན་པས། ཁོ་ཚོར་གོ་སྐབས་སྦྱིན་ནས་ལྷན་སྐྱེས་ངོམ་དུ་བཅུག་ན་ཅིས་མི་ཆོགགལ་ཏེ་ཁོ་ཚོ་གཏམ་རྒྱུད་བཤད་པར་དགའ་ན་ཁོ་ཚོའི་གཏམ་རྒྱུད་ལ་ཉན་པ་དང་། ཁོ་ཚོ་རྩིས་ལ་ཚོར་བ་སྐྱེན་ན་ཉོ་ཚོང་རྒྱག་ཏུ་ཁྲིད་ནས་ཁྱོད་ལ་རིན་གོང་བརྩི་རོགས་བྱེད་དུ་འཇུག་དགོས། ཁྱོད་ཀྱིས་བྱིས་པའི་འཇོན་ནུས་ལ་ཁས་ལེན་དང་རོལ་མྱོང་བྱེད་ནུས་པར་མ་ཟད་ཁྱོད་ཀྱི་དགའ་སྣང་དེ་ཡང་ངོམ་ཐུབ་ཚེ། བྱིས་པ་ནི་རང་བཞིན་གྱིས་རང་ཉིད་ལ་ཡིད་ཆེས་རབ་ཏུ་བརྟས་པར་འགྱུར། ང་ཚོའི་བྱིས་པ་རྣམས་ལ་མཁོ་བ་ནི་ལྟོ་རྒྱབ་འཛོམས་པའི་འཚོ་བའི་ཁོར་ཡུག་གི་ཆ་རྐྱེན་ཙམ་མིན་པར། ཕ་མ་སོགས་ཀྱིས་ཁོ་དང་མཉམ་དུ་ཁོའི་འཚར་ལོངས་བྱུང་བའི་གོ་རིམ་བརྒྱུད་པའི་མྱོང་བ་དེ་ཡིན། བྱིས་པའི་མིག་ནང་གི་འཇིག་རྟེན་ཅི་འདྲ་ཡིན་པ་ཤེས་འདོད་ན།ཐོག་མར་མར་སྒུར་ཏེ་བྱིས་པའི་མཐོང་སྣེ་དང་མཐོ་ཚད་དེ་ནས་འཇིག་རྟེན་ལ་བལྟ་དགོས་ཞེས་པ་དེ་བཞིན་རེད།
3.བྱིས་པར་གང་འདོད་དུ་རྩེ་བའི་ཁོམ་སྐབས་སྟེར་དགོས་ལ། འཚོ་བའི་བཀོད་སྒྲིག་ཚགས་དམ་ཆེ་ན་མི་ལེགས།
སློབ་ལོ་མ་རན་པའི་བྱིས་པར་མཚོན་ན། རང་དབང་གིས་རྩེད་མོར་རོལ་བ་ནི་འཆར་གཞི་ཅན་གྱི་བྱ་འགུལ་སྤེལ་བ་ལས་ཀྱང་བདེ་ཐང་ཡིན་ལ་ཕན་པ་མང་། ཕ་མས་བྱིས་པའི་དུས་ཚོད་དེ་བྱ་འགུལ་སྣ་ཚོགས་ཀྱིས་ཁེངས་པར་བྱས་ན་མི་བཟང་། བྱིས་པ་ཚང་མ་ལ་ལས་རྒྱུ་མིད་པར་གང་འདོད་དུ་རྩེ་ཆོག་པའི་དུས་ཚོད་ཅིག་དགོས།
4.བྱིས་པས་མི་གཞན་ལ་སེམས་ཁུར་བྱེད་པར་སློབ་པ།
སྤྲོ་སྣང་ལྡན་པའི་བྱིས་པས་རང་ཉིད་དང་མི་གཞན་གྱི་བར་དུ་དོན་སྙིང་ལྡན་པའི་འབྲེལ་བ་ཞིག་ཡོད་པ་ཚོར་དགོས། ཚོར་བ་དེ་ཤེས་དགོས་ན་བྱིས་པར་མི་གཞན་དང་འབྲེལ་འདྲིས་མང་པོ་བྱེད་དུ་འཇུག་དགོས། བྱིས་པ་དང་མཉམ་དུ་རྩེད་ཆས་སོགས་བསྡུ་གསོག་བྱས་ཏེ་དགེ་ཕན་ཐེབས་རྩ་སོགས་ལ་ཞལ་འདེབས་བྱེད་པ་དང་། ཡང་ན་སློབ་གྲྭ་ནས་འོས་འགན་བྱ་འགུལ་དུ་ཞུགས་སུ་འཇུག་པ་སོགས་བྱེད་ཆོག ལོ་ཅི་འདྲ་ཆུང་ན་ཡང་གཞན་ལ་རོགས་རམ་བྱེད་པའི་གོ་རིམ་ཁྲོད་ནས་བྱིས་པས་སྤྲོ་སྣང་ཚོར་ཐུབ་ལ། གཞན་ལ་རོགས་རམ་བྱེད་པར་སྤྲོ་བའི་གོམས་གཤིས་སྐྱེད་སྲིང་བྱེད་པར་ཡང་ཕན་པ་ཡིན།
5.བྱིས་པ་སྦྱོང་རྡར་ལ་སྐུལ་བ།
བྱིས་པར་ལྒང་ལི་རྩེ་རོགས་དང་ལྕགས་རྟ་བསྐོར་རོགས། ཆུ་རྐྱལ་རོགས་སོགས་ཀྱི་སྦྱོང་རྡར་བྱས་ན། བྱིས་པའི་ལུས་སྟོབས་རྒྱས་པར་ཕན་པར་མ་ཟད། ཁོའི་སྤྲོ་སྣང་ཅན་གྱི་གཤིས་ཀ་སྐྱེད་སྲིང་བྱེད་པར་ཡང་ཕན། འགུལ་སྐྱོད་ཀྱི་འཚོ་བ་རྒྱུན་སྲུང་བྱས་ན་བྱིས་པའི་གནོན་ཤུགས་དང་ཁམས་མི་དྭངས་པའི་སེམས་ཁམས་སྙོམ་སྒྲིག་བྱེད་ཐུབ། དེར་མ་ཟད་རང་ཉིད་ཀྱི་སྣང་བརྙན་ལ་གཅེས་པར་ཡང་ཕན། ལྷག་ཏུ་ལུས་རྩལ་ནི་སྤྲོ་སྣང་དང་གྲུབ་འབྲས་ཐོབ་སྣང་གི་ཚོར་བ་རྙེེད་ཐབས་གལ་ཆེན་ཞིག་ཡིན།
6.ཀུ་རེ་ཁ་མཚར་བཤད་པ།
རྒྱུན་དུ་བྱིས་པར་དགོད་གཏམ་བཤད་པ་དང་། མཉམ་དུ་གླུ་དབྱངས་དགོད་བྲོ་བ་བསྒྲིགས་པ་སོགས་བྱས་ནས་རྒྱུན་དུ་དགོད་ཁ་བསླངས་ན། ཁྱོད་དང་བྱིས་པ་གཉིས་ཀར་ཕན་པ་ཆེ། ཞེ་གཏིང་ནས་དགོད་པ་དེ་ཡང་མ་གཞི་ནས་ལུས་རྩལ་ཡག་པོ་ཞིག་ཡིན།
7.བསྟོད་བསྔགས་བྱེད་ཤེས་དགོས་པ།
བྱིས་པའི་རྣམ་འགྱུར་ཡག་དུས་བཟང་གི་ཟེར་བའི་སྐད་ཆ་སྟབས་བདེ་ཞིག་བཤད་པས་གོ་མི་ཆོད། གང་བཟང་བ་དེ་གནད་དུ་འདོན་པ་དང་ཞིབ་ཆ་བཏོད་ནས་བཤད་དགོས། དཔེར་ན་དེ་རིང་ཁྱོད་ཀྱིས་རང་འགུལ་གྱིས་ཨ་ཁུ་ལ་བདེ་མོའི་ཁམས་འདྲི་བྱས་པ་དེ་ཧ་ཅང་གུས་ལུགས་ལྡན་པ་ཞིག་རེད་ཟེར་བ་ལྟ་བུ། ཡིན་ཡང་བསྟོད་ན་བསྟོད་ཚད་འཛིན་ཤེས་དགོས་ཏེ། ཕ་མ་ལ་ལས་ལེགས་སྐྱེས་སམ་སྒོར་མོས་བྱིས་པར་བྱ་དགའ་སྟེར་བ་རེད། དེས་བྱིས་པའི་སེམས་པ་དེ་ཐོབ་བྱ་དེ་དག་གི་སྟེང་ལ་ཤོར་འགྲོ་བ་ལས། རང་གི་བྱ་སྤྱོད་བཟང་པོ་དེ་ཉིད་ལ་དང་དོད་མི་བྱེད། ཕ་མས་བྱིས་པ་རང་ཉིད་ལ་དོན་དག་ཅིག་གྲུབ་རྗེས་ཀྱི་ཡིད་ཚིམ་དང་བདེ་སྣང་དེ་རྟོགས་སུ་འཇུག་པ་ལས། དངོས་པོའི་གླ་ཆ་ཙམ་གྱིས་ཐོབ་བྱ་དེར་འཛེམ་དགོས་པ་ཡིན།
8.བྱིས་པའི་བཟའ་བཏུང་གི་བདེ་ཐང་ལ་ཁག་ཐེག་བྱེད་པ།
བདེ་ཐང་གི་བཟའ་བཏུང་ནི་བྱིས་པའི་ལུས་ཕུང་བདེ་ཐང་གི་རྒྱུ་གཙོ་བོ་ཞིག་ཡིན་པར་མ་ཟད། བྱིས་པའི་སེམས་ཁམས་བརྟན་འཇགས་ཡོང་བར་ཡང་ཕན་པ་ཆེ། ཐུན་ཟས་དང་ཞོར་ཟས་གང་ཡིན་ཡང་བདེ་ཐང་གི་རྩ་དོན་བརྩི་དགོས་ཏེ། དཔེར་ན་ཞག་ཉུང་བ་དང་མངར་ཆ་ཉུང་བ། གསར་བ་ཡིན་པ། རོ་ནུས་དོ་མཉམ་ཡོང་བ་སོགས་གལ་ཆེ།
9.བྱིས་པའི་ནང་སེམས་ཀྱི་སྒྱུ་རྩལ་གྱི་ཚོར་བ་གསོ་སྐྱོང་བྱེད་པ།
བྱིས་པ་ངེས་པར་སྒྱུ་རྩལ་པ་ཞིག་ཏུ་འགྱུར་དགོས་པའི་ངེས་པ་མིད་ན་ཡང་། བྱིས་པ་རོལ་མོ་དང་རི་མོ། ཞབས་བྲོ་སོགས་ཀྱི་བྱ་འགུལ་ལ་ཞུགས་སུ་བཅུག་ན་བྱིས་པའི་ནང་སེམས་ཀྱི་འཇིག་རྟེན་ཕུན་སུམ་ཚོགས་པ་ཞིག་ཏུ་གཏོང་ཐུབ་པ་ཡིན། ཆེད་མཁས་པས་བྱིས་པས་རོལ་དབྱངས་དང་བསྟུན་ནས་ལུས་པོ་འགུལ་བའམ་ཡང་ན་སྨྱུ་གུས་གང་འདོད་དུ་འབྲི་བ་སོགས་ནི་དོན་གྱིས་བྱིས་པས་རང་གི་ནང་སེམས་ཀྱི་འཇིག་རྟེན་དང་བརྩེ་དུང་མཚོན་ལུགས་ཤིག་ཡིན་པ་གསར་རྟོགས་བྱུང་ཡོད། བྱིས་པ་རི་མོ་འབྲི་བ་དང་ཞབས་བྲོ་རྒྱག་པ།རོལ་མོ་དཀྲོལ་བ་སོགས་ལ་དགའ་ན། རང་ཉིད་ལ་བློ་ཚིམ་པའི་སེམས་ཁམས་ཤིག་ཆགས་པར་ཕན་པ་ཡིན།
10.རྒྱུན་དུ་ཕན་ཚུན་ལ་འཁྱུད་པ།
ཕན་ཚུན་ལ་འཁྱུད་པ་ནི་བྱམས་བརྩེའི་མངོན་སྟངས་ཤིག་ཡིན། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཕན་ཚུན་ལ་འཁྱུད་པའམ་འཇམ་མཉེན་གྱིས་ཐུག་འཕྲད་ལས་བཙའ་སྔ་བའི་བྱིས་པ་བདེ་ཐང་དང་སྤྲོ་སྣང་ཅན་དུ་ཆགས་པར་བྱེད་ཐུབ་པ་ཡིན། ཕ་མ་ལ་མཚོན་ན་ཡང་ཕན་ཚུན་ལ་འཁྱུད་པ་ལས་གནོན་ཤུགས་ཇེ་ཡང་དུ་གཏོང་བ་དང་སེམས་ཁམས་མི་བདེ་བ་སྙོམ་ཐུབ་པ་ཡིན།
11.སེམས་ཀྱིས་ཉན་པ།
བྱིས་པ་ལ་མཚོན་ན་ཁོའི་སྐད་ཆ་ལ་སེམས་ཀྱིས་ཉན་པ་ལས་ལྷག་པའི་ཐུགས་ཁུར་ཞིག་མེད། བྱིས་པས་ཁྱོད་ལ་སེམས་གཏམ་བརྗོད་སྐབས། རབ་ཡིན་ན་ལག་ཐོག་གི་ལས་ཀ་སོགས་བསྐྱུར་ནས་ཁོའི་སྐད་ཆར་ཉན་ན་བཟང་། ཁོའི་བཤད་མཚམས་གཅོད་པ་དང་ཡང་ན་ཁོའི་སྐད་ཆ་ཕྲོགས་ནས་བཤད་རོགས་བྱེད་པ་སོགས་གཏན་ནས་མི་རུང་། ཁོས་བཤད་པའི་ནང་དོན་ནི་ཁྱོད་ཀྱིས་ཡང་དང་བསྐྱར་དུ་ཉན་མྱོང་བ་ཞིག་ཡིན་ན་ཡང་ཁོ་ལ་བཤད་ཚར་དུ་འཇུག་དགོས། བྱིས་པ་སློབ་གྲྭར་སྐྱེལ་བའི་ལམ་བར་དུའམ་བྱིས་པ་ཉལ་དུ་འཇུག་པའི་སྐབས་ནི་ཉན་སྐབས་ཆེས་ལེགས་པོ་དེ་ཡིན།
12.ལེགས་འཛོམས་རབ་ལེགས་ཤིག་ཡོང་བར་མ་རེ།
ང་ཚོས་ནམ་ཡིན་ཡང་བྱིས་པའི་ཆེས་ལེགས་པའི་ངོས་ཤིག་མཐོང་ཐུབ་པར་རེ་བ་བྱེད་པས། ཁོ་ཚོའི་བྱ་བྱེད་ལ་དག་བཅོས་བྱེད་པར་ཤིན་ཏུ་བྲེལ། དཔེར་ན་ཁོ་ཚོས་ཅོག་ཙེ་ཕྱིས་པ་གཙང་མ་མིན་པར་མ་དགའ་བར་རང་གིས་བསྐྱར་དུ་ཕྱི་བར་བྱེད། ཡང་ན་དངོས་པོ་ཞིག་ངེས་པར་གནས་ངེས་ཅན་ཞིག་ཏུ་འཇོག་དགོས་པར་སྐུལ་བ་སོགས་བྱ་བ་ཚང་མ་ལེགས་འཛོམས་རབ་ལེགས་ཤིག་ཡོང་བར་རེ། དེ་ལྟར་བྱས་ན་བྱིས་པའི་རང་རློམ་རང་རྟོན་དང་ནོར་འཁྲུལ་བཟོ་ཕོད་པའི་སྤོབས་པ་ཇེ་ཞུམ་དུ་གཏོང་ངེས། གལ་ཏེ་རྗེས་ཕྱོགས་ཀྱང་ཁྱོད་ཀྱིས་ཁོའི་བྱ་བྱེད་ལ་དག་བཅོས་བྱེད་པར་བྲེལ་དུས། དོན་དག་འདི་བདེ་ཐང་དང་བདེ་འཇགས་ལ་འབྲེལ་བ་ཡོད་དམ། ལོ་བཅུ་འགོར་རྗེས་དོན་དག་འདི་ཚབས་ཆེན་ཞིག་ཏུ་འགྱུར་རམ་ཞེས་རང་གིས་རང་ལ་དྲི་བ་རེ་ཐོན། གལ་ཏེ་ཁྱོད་ལ་ཐོབ་པའི་ལན་ནི་དེ་འདྲ་མ་རེད་ཅེས་པ་དེ་ཡིན་ན། བྱིས་པ་ལ་རང་དབང་གིས་ལས་སུ་ཆུགས།།
2015ལོའི་ཟླ་11པའ་ཚེས་9ཉིན་གྱི་《མཚོ་སྔོན་བོད་རིག་གསར་འགྱུར།》ལས་བཤུས།