སྤྱི་ཟླ་12པའི་ཚེས་25ཉིན། ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས། གྲོང་ཁྱེར་དང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡིས་ཏང་སྐྱོང་གི་ལས་ཀར་དམ་འཛིན་བྱེད་པའི་ལས་འགན་བསྒྲུབ་ཚུལ་གྱི་སྙན་ཞུ་ལ་གསན་པ་དང་། ཏང་སྲོལ་ཡོ་བསྲང་སྲིད་དོན་གཙང་སྐྱོང་འཛུགས་སྐྲུན་གྱི་ཐད་ཚང་མས་གྲོས་མོལ་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གཏམ་བཤད་གལ་ཆེན་གནང་།
དུས་ཡུན་ཉིན་གཅིག་གི་རིང་གི་ཚོགས་འདུའི་སྟེང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་(ཁུལ)21གི་ཏང་ཨུའི་ཧྲུའུ་ཅིས་རིམ་པ་བཞིན་ཏང་འཛུགས་སྐྱོང་ལས་ཀའི་གནས་ཚུལ་སྙན་ཞུ་ཕུལ་བ་དང་། ཚོགས་འདུའི་ཐོག་ཝང་ཏུང་མིང་གིས་གྲོང་ཁྱེར་(ཁུལ) ཁག་གི་ཏང་ཨུའི་ཧྲུའུ་ཅིས་ཏང་འཛུགས་སྐྱོང་དམ་འཛིན་བྱེད་པའི་ལས་ཀའི་གནས་ཚུལ་རེ་རེར་དཔྱད་བརྗོད་གནང་བ་དང་། གྲུབ་འབྲས་ལ་ཁས་ལེན་བྱས་པ་མ་ཟད། ལས་ཀ་ཁྲོད་གནས་པའི་གནད་དོན་དང་མི་འདང་ས། ཞན་ཆ་སོགས་ལ་མཛུབ་སྟོན་གནང་།
ཝང་ཏུང་མིང་གིས་ད་དུང་གྲོང་ཁྱེར་(ཁུལ)ཁག་གི་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་སྐོར་ལ་མཉམ་དུ་གྲོས་མོལ་མཛད་པར་མ་ཟད། སྣེ་ཁྲིད་དེ་སྤྱོད་གཙང་རང་གཅུན་གྱི་གཏན་འབེབས་ལ་བརྩི་སྲུང་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ལས་ཀའི་གནས་ཚུལ་གཙོ་གནད་དུ་བཟུང་ནས་བླང་བྱ་བཏོན།
ཀྲུང་དབྱང་རྩ་འཛུགས་པུའུ་རྩ་འཛུགས་ཅུས་གཉིས་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་དང་དཔྱད་བརྗོད་གནང་། དེ་མིན་གྲོང་ཁྱེར་(ཁུལ)ཁག་གིས་ཏང་སྐྱོང་གི་ལས་དོན་དམ་འཛིན་བྱེད་པའི་བྱ་ཐབས་དང་ཕན་འབྲས་ལ་གདེང་འཇོག་བྱས་པ་དང་། ད་ཡོད་ཀྱི་རྨང་གཞིའི་ཐོག་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལྷག་པར་དུ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲན་གྱི་ཐད་ལ་རེ་བ་བཏོན།།