༄༅།། ཨ་མདོའི་ཡུལ་སྐད་ལས་ར་སྒྲའི་སྐོར་རགས་ཙམ་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-29


   ར་ཡིག་ནི་བོད་ཡིག་གསལ་བྱེད་ཉེར་ལྔ་པ་སྟེ་སྡེ་བ་བདུན་པའི་ཡི་གེ་དང་པོ་ཡིན། འདིའི་སྐད་ཀྱི་གདངས་དང་ཡིག་གཟུགས་བཅས་ཀྱི་ཐད་ནས་བཤད་ན། སྤྱོད་རྒྱ་ཡངས་ཤིང་འགྱུར་བ་མང་ལ་རྙོག་འཛིང་ཆེ་བ་ཞིག་ཀྱང་རེད། ཁྱད་པར་དུ་ཨ་མདོའི་འབྲོག་སྐད་ཁྲོད་ཀྱི་ར་སྒྲ་ནི་དབུས་གཙང་དང་ཁམས་ཀྱི་ཡུལ་སྐད་ལས་ཁྱད་ཆོས་མངོན་པར་གསལ་བ་ཞིག་ཡིན་པས། འདིའི་ཐད་ནས་ཅུང་ཟད་གླེང་བར་བྱའོ།།

གཅིག ར་ཡིག་སྤྱིར་བཤད་པ།

དང་པོ། ར་ཡིག་གི་འཇུག་ཡུལ།

  ར་ཞེས་པའི་ཡིག་འབྲུ་འདི་བོད་སྐད་ཀྱི་ཁྲོད་དུ་གསལ་བྱེད་གཞན་དང་མི་འདྲ་བར་བཀོལ་ཁྱབ་ཧ་ཅང་ཆེ་སྟེ། ར་ཚེ་ཚེ་ཞེས་དུད་འགྲོའི་མིང་ལ་འཇུག་པ་དང་། རི་བོ་ལྟ་བུ་མིང་གཞིའི་ཡི་གེ་ལ་འཇུག་པ་དང་། ཁ་པར་ལྟ་བུ་ཡི་གེའི་རྗེས་སུ་འཇུག་པ་དང་། རྡོ་རྗེ་ལྟ་བུ་ཡི་གེའི་མགོ་རུ་སྦྱར་བས་མགོ་ཅན་གྱི་ཡི་གེ་དང་། བཀྲ་ཤིས་ལྟ་བུ་ཡི་གེའི་འོག་ཏུ་སྦྱར་བས་འདོགས་ཅན་གྱི་ཡི་གེ་དང་། སུ་རུ་ར་ལ་ཏུ་དུ་ན་ཞེས་དཔེར་ན་གངས་རིར་གངས་སེང་གནས་ལྟ་བུ་རྣམ་དབྱེའི་ཕྲད་ལ་འཇུག་པ་དང་། ར་སྤྲོད་ལྟ་བུ་མིང་དང་ཚིག་གྲོགས་ལ་འཇུག་པ་དང་། ཨ་མདོའི་འབྲོག་སྐད་དུ་ར་མགོའི་སྒྲ་ཅུང་གསལ་ཞིང་། དཔེར་ན་རྟ་ལྟ་བུ་ལ་ཕལ་ཆེར་རུ་རྟ་ལྟ་བུ་ཞིག་འདོན་ཅིང་། གཞན་ཡང་ར་སྒྲ་ལ་དང་སྒྲ་དང་རྒྱན་སྡུད་ཀྱི་ནུས་པ་ཡོད་པ་སོགས་མིང་གཞི་དང་མགོ་འདོགས་རྗེས་གསུམ་དང་། ཚིག་གྲོགས་དང་། ཕྲད་སོགས་ལ་འཇུག་པ་མང་།

གཉིས་པ། ར་ཡིག་གི་རྟགས།

  ར་ཡིག་ལ་གསལ་བྱེད་ཀྱི་དབང་དུ་བྱས་པ་དང་རྗེས་འཇུག་གི་དབང་དུ་བྱས་པའི་རྟགས་གཉིས་ཡོད་པར་འདོད་དེ། གསལ་བྱེད་ཀྱི་སྐབས་སུ། པྲ་ཏིའི་བཤད་སྦྱར་དུ་ར་ལ་ཧ་ནི་མོ་གཤམ་སྟེ་ཞེས་གསུངས་པ་ལྟར། སྤྱིར་བོད་ཀྱི་ཡི་གེ་སུམ་ཅུ་ལ་ཕོ་མོ་མ་ནིང་ཤིན་ཏུ་མོ་མོ་གཤམ་བཅས་ལྔ་རུ་དབྱེ་ཡོད་པའི་ནང་གསེས་ར་ཡིག་ནི་མོ་གཤམ་ཡིན་པ་དང་། རྗེས་འཇུག་ཡི་གེའི་སྐབས་སུ། ཐོན་མིའི་ཞལ་ལུང་དུ། མ་ནིང་ན་ར་ལ་གསུམ་སྟེ་ཞེས་མ་ནིང་དུ་དབྱེ་བ་ཡིན་ནོ།།

གཉིས། ར་ཡིག་གི་འགྱུར་ཚུལ།

དང་པོ། ར་བཏགས་ཤུལ་དུ་བཞག་པ།

  ར་བཏགས་བཞག་པ་འདི་གཙོ་བོ་བོད་ཀྱི་ནམ་རྒྱུན་གྱི་ཁ་སྐད་དུ་གནས་ཡོད་དེ། བརྗོད་པའི་སྐབས་སུ་མིང་གཞིའི་ཡི་གེ་དང་བཅས་པ་དོར་ནས་ར་བཏགས་ཁོ་ན་བཞག་པ་ལ་བྱ།དཔེར་ན། ཨ་བྲ་ཞེས་བརྗོད་པའི་ཨའི་ཚིག་གྲོགས་བྲ་ཡི་མིང་གཞི་ཡི་གེ་ཨའི་རྗེས་འཇུག་ཏུ་གྱུར་ཏེ་ཨབ་ར་ཞེས་བརྗོད། དེ་བཞིན་དུ་བློ་གྲོས་ལ་བློ་རོས་དང་། བཅུ་དྲུག་ལ་བཅུ་རུག་ལྟ་བུའོ།།

  ཚིག་གཞིའི་སྐབས་སུ། དཔེར་ན། གྲུ་བཞི་ཞེས་བརྗོད་པའི་གྲུ་ཡི་ག་ཡིག་དོར་ཏེ་ར་སྒྲ་བཞག་ནས་རུ་བཞི་ཞེས་བརྗོད་པ་དེ་བཞིན་དུ། སྦྲ་ལ་ར། གྲོགས་ལ་རོགས། གྲོང་བ་ལ་རོང་བ། བྱེད་ན་མི་འགྲིགས་ལ་བྱེད་མི་རིགས་ལྟ་བུ། གསལ་བོར་བཤད་ན། འདོགས་ཅན་ར་བཏགས་ལ་གོང་གསལ་མིང་གཞི་ཡི་གེ་དེ་དག་གི་སྐབས་སུ་ར་སྒྲ་དང་། དེའི་དབྱངས་གང་རུང་རྗེས་འཇུག་དང་ཡང་ན་ཡང་འཇུག་བཅས་ལ་འགྱུར་ལྡོག་མེད་པར་བཀླག་དགོས་པ་ལས། གཞན་མིང་གཞིའི་ཡི་གེ་དང་དེའི་མགོ་ཅན་ནམ་བརྩེགས་པ་རྣམས་དོར་ནས་བརྗོད་དགོས། གལ་ཏེ་སྔོན་འཇུག་དང་ལྡན་ན་འགྱུར་བ་གཏན་ནས་མེད་པར་སྔར་བཞིན་ཀློག་དགོས་སོ།།

གཉིས་པ། ར་བཏགས་དོར་བ།

  འདི་ནི་གོང་གསལ་ལས་ལྡོག་སྟེ་མིང་གཞིའི་ཡི་གེ་བཞག་ནས་ར་བཏགས་དོར་བར་བྱེད།འགྱུར་རྐྱེན་ནི་གསལ་བྱེད་ཀྱི་ཡི་གེ་པ་ཕ་བ་མ་ཡིག་འབྲུ་བཞི་བོ་ཁོ་ན་སྟེ།དཔེར་ན།སྤྲོ་ལངས་པ་ལ་སྤོ་ལངས་པ། སྤྲོད་པ་ལ་སྤོད་པ། སྤྲང་པོ་ལ་སྤང་བོ། སྤྲེའུ་ལ་སྤེའུ།ཡུལ་སྐད་ལ་ལར། ཕྲེང་བ་ལ་ཕེང་བ། བྲག་ལ་བག། འབྲི་ལ་འབི། འབྲས་ལ་འབས་ལྟ་བུ། འདིར་ར་བཏགས་ཁོ་ན་དོར་ནས་གཞན་རྣམས་འགྱུར་བ་མེད་པར་ཇི་བཞིན་བཀླག་དགོས་སོ།།

གསུམ་པ། ར་བཏགས་གཞན་ལ་འགྱུར་བ།

  འདི་ནི་གཙོ་བོ་ར་བཏགས་ཀྱི་གདངས་དེ་འདོགས་ཅན་ཡ་བཏགས་ཀྱི་སྒྲ་རུ་འགྱུར་བ་ཡིན་པས་ཕལ་ཆེར་མདོ་སྨད་ཨམ་སྐད་དུ་འདོད་དེ་དཔེར་ན།འདྲེ་ལ་སྐྲག་ཅེས་བརྗོད་པའི་སྐབས་སུ་སྐྲག་ཡིག་གི་ར་བཏགས་དེ་ཡ་བཏགས་ཀྱི་གདངས་སུ་བརྗོད་དེ་འདྲེ་ལ་སྐྱག་ཅེས་དང་། དེ་བཞིན་དུ་ཁྲག་ལ་ཁྱག གྲི་ལ་གྱི འགྲོ་ལ་འགྱོ། སྒྲུང་ལ་སྒྱུང་ལྟ་བུ། འདི་ནི་གསལ་བྱེད་སྡེ་བ་དང་པོའི་ཡི་གེ་ཐོག་མ་གསུམ་ལས་གཞན་ར་བཏགས་ཅན་རྣམས་ལ་འགྱུར་ལྡོག་མེད།གཙོ་བོ་མགྲིན་པའི་ཡི་གེ་ཀ་ཁ་ག་གསུམ་ལྕེ་རྩེ་ཡི་གེ་དང་འཕྲད་སྐབས་བརྗོད་སྟངས་མི་བདེ་བས་ལྕེ་ངོས་བརྗོད་པའི་སྒྲ་གདངས་སུ་ངང་གིས་འགྱུར་བས་ད་ལྟ་གོམས་གཤིས་སུ་ཆགས་པར་འདོད།

བཞི་པ། ར་ཡིག་ཕྲལ་ནས་བརྗོད་པ།

  འདི་གཙོ་བོ་ར་ཡིག་རྗེས་འཇུག་ཡིན་པའི་སྐབས་སུ།ར་སྒྲའི་གདངས་ཤུགས་ཆེ་བ་དང་མངོན་གསལ་འདོན་དགོས་ཕྱིར་ཚིག་གྲོགས་དང་བཅས་པ་དོར་ནས་བརྗོད་པ་ཡིན། དཔེར་ན། ཡར་ལ་འགྲོ་བ་ཞེས་བརྗོད་པའི་སྐབས་སུ་ཡ་ར་འགྲོ་ཞེས་བར་དུ་ཚེག་ཁྱིམ་སྦྱར། ལ་སྒྲའི་ཕྲད་དོར། དེ་བཞིན་དུ་སེར་བ་ལ་སེ་ར། སྤར་མོ་གང་ལ་སྤ་ར་གང་། ཆུར་བ་ལ་ཆུ་ར། ཕར་ལ་འགྲོ་བ་ལ་ཕ་ར་འགྲོ་བ། ཚུར་ལ་ཡོང་བ་ལ་ཚུ་ར་ཡོང་བ། འོ་མ་བསྲུབས་ཤུལ་གྱི་དར་བ་ལ་ད་ར་ཞེས་རྗེས་འཇུག་ར་ཡིག་ཕྲལ་ན་མིང་མཐའ་དང་ལ་དོན་གྱི་ཕྲད་ཀྱི་ཚབ་ཏུ་རུང་བ་དང་། གལ་སྲིད་ལ་དོན་གྱི་ཕྲད་ལ་ཡིག་དང་མིང་མཐའ་བ་ཡིག་མིན་པར་ཚིག་གྲོགས་གཞན་དག་འཕྲད་ཙ་ན་དེ་ལྟར་བརྗོད་པའི་ལུགས་སྲོལ་མེད། དེའང་ཚིག་རྐྱང་པ་ལ་ཕྲལ་ན་བརྗོད་ཚུལ་ཡོད་དེ་འབྲོག་སྐད་དུ་ཡར་མར་ལ་ཡ་ར་མ་ར་ཞེས་བརྗོད་པ་ལྟ་བུའོ།།

ལྔ་པ། ར་ཡིག་བསྡུ་བ།

  འདི་ནི་གཙོ་བོ་ཚིག་མང་པོ་གནས་པའི་སྐབས་སུ་བརྗོད་བདེ་བའི་ཕྱིར་དུ་ཚིག་གྲོགས་མིང་གཞིའི་ར་ཡིག་གམ་ར་མགོ་གང་ཡིན་རུང་མིང་ཚིག་གོང་མར་རྗེས་འཇུག་ཡོད་མེད་ལ་མ་བལྟོས་པར་ཐད་ཀར་སྦྱར་ཆོག རྗེས་འཇུག་ཡི་གེ་ཡོད་པ་ལ་དཔེར་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཤེར་ཕྱིན་ཅེས་ར་ཡིག་གཅིག་གིསརབ་ཀྱི་ཕ་རོལ་དུཞེས་པའི་ཡི་གེ་རྣམས་ཚིག་སྡུད་བྱས་པ་རེད། དེ་བཞིན་དུ། ཀྱེ་རྡོ་རྗེ་ལ་ཀྱེ་རྡོར། སེང་གེ་རྡོ་རྗེ་ལ་སེང་རྡོར། ཕ་རོལ་ཚུལ་རོལ་ཟེར་བ་ལ་ཕར་ཚུར་ཞེས་ར་ཡིག་གིས་ཚིག་བསྡུ་ལ་ནུས་པ་གལ་ཆེན་ཐོན་ཡོད་དོ།།

གསུམ། དང་སྒྲའི་ནུས་པ་ལྡན་པའི་ར་སྒྲ།

དང་པོ། ར་སྒྲ་འབྱེད་སྡུད་ལ་འཇུག་ཚུལ།

  ར་སྒྲ་ནི་གནའ་ནས་ད་ལ་ཐུག་གི་བར་དུ་བོད་ཀྱི་སྐད་དང་ཡི་གེའི་ཁྲོད་དུ་གོ་གནས་ངེས་ཅན་ཟིན་པ་ཞིག་ཡིན་ལ། ཡི་གེའི་ཆ་ནས་གོང་དུ་གླེང་བ་ནང་བཞིན། ར་ཡིག་གི་རྟགས་ཀྱི་དབྱེ་བ་དང་། ར་མགོ། ར་སྟ། རླ། རྗེས་འཇུག་གི་ར། མིང་མཐའི་ར་སོགས་འཇུག་ཡུལ་སྣ་ཚོགས་སུ་མཆིས་ཤིང་། ད་ནི་ཨ་མདོའི་ཡུལ་སྐད་ཁྲོད་ཀྱི་དང་སྒྲའི་ནུས་པ་དང་ལྡན་པའི་ར་སྒྲ་གླེང་བར་བྱ་སྟེ། དཔེར་ན། རྗེ་ཙོང་ཁ་བའི་མཛད་པའི་བསྟོད་ཆེན་བཞི་ནི། རྟེན་འབྲེལ་བསྟོད་པ་ར། བྱམས་བསྟོད་ཚངས་པའི་ཅོད་པན་ར། འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ར། རྣམ་རྒྱལ་མའི་བསྟོད་པ་བཅས་བཞིའོ།། ཚེ་རིང་དང་ངེད་གཉིས་ཀྱིས་སློབ་སྦྱོང་བྱས་ཞེས་པ་ལ་ཚེ་རིང་ར་ངེད་གཉིས་ཀྱིས་སློབ་སྦྱོང་བྱས་ཞེས་བརྗོད། རྟ་དང་རྒོད་མ་ཞེས་པར་རྟ་ར་རྒོད་མ་དང་།རྩྭ་དང་ཆུ་འཛོམས་ཞེས་པར་རྩྭ་ར་ཆུ་འཛོམས་ལྟ་བུ། གཞན་ཡང་ར་སྒྲ་རྗེས་འཇུག་ར་ཡིག་རང་དང་། ད་ཡིག ན་ཡིག ལ་ཡིག་བཅས་ཀྱི་མཇུག་གི་ར་སྒྲ་དེ་བརྗོད་མི་བདེ་བའི་དབང་གིས་དྲ་སྒྲ་རུ་འགྱུར་ཏེ། དཔེར་ན། གྲོང་ཁྱེར་དྲདངགྲོང་ཁྱེར་གྱི་བར་ཐག་ལྟ་བུ་དང་། རི་དྭགས་གཙོད་དྲདངརི་དྭགས་ཤྭ་ལྟ་བུ། མུ་མེན་དྲདངམུ་ཏིག ཕ་ཡུལ་དྲདངསློབ་གྲྭའི་ཁྱད་པར་ཞེས་པ་ལྟ་བུའོ།།

གཉིས་པ། ར་སྒྲ་རྒྱན་སྡུད་ལ་འཇུག་ཚུལ།

  ར་སྒྲ་རྒྱན་སྡུད་ལ་འཇུག་པ་ནི་ཨམ་སྐད་དུ་ར་སྒྲས་རྒྱན་སྡུད་ཀྱི་ཕྲད་ཀྱང་འང་ཡང་གསུམ་གྱི་ནུས་པ་འདོན་བཞིན་ཡོད་དེ། མཐུན་པའི་ཚིག་རྒྱན་གྱི་དཔེར་བརྗོད་གཟུགས་ཀྱང་མཛེས་ལ་གཞུང་ཡང་དྲང་ཞེས་པ་ལྟ་བུར་གཟུགས་ར་མཛེས་གི གཞུང་ར་དྲང་གི་ཞེས་པ་དང་། གོས་འདི་ཡག་ཀྱང་ཡག་ལ། རྒྱུ་སྤུས་ཀྱང་བཟང་ཞེས་པར་གོས་འདི་ཡག་ར་ཡག་གི རྒྱུ་སྤུས་ར་བཟང་གི་ལྟ་བུ།བཤད་ཀྱང་བཤད་ལ་སྒྲུབ་ཀྱང་སྒྲུབ་ངེས་ཞེས་པར་བཤད་དྲ་བཤད་ལ། སྒྲུབ་ར་སྒྲུབ་བ་ཞེས་པ་ལྟ་བུའོ།། དམིགས་བསལ་གྱི་གནས་ཚུལ་ཞིག་ཡོད་པ་ནི་ར་སྒྲ་རྒྱན་སྡུད་ལས་མཐུན་པའི་ཚིག་རྒྱན་མ་གཏོགས་མི་མཐུན་པའི་ཚིག་རྒྱན་ལ་མི་འཇུག་གོ གཞན་ཡང་ར་སྒྲ་སྡུད་པ་ལ་འཇུག་ཚུལ་ནི་ཁོང་གིས་ཕྱི་ཡིག་ཀྱང་མཁྱེན་ཞེས་པར་ཁོང་གིས་ཕྱི་ཡིག་ར་མཁྱེན་གི་ཞེས་བརྗོད་པ་དང་། པདྨ་ཡིན་ལ་དྲི་ཡང་ཞིམ་ཞེས་པར་པདྨ་ཡིན་པའི་མི་ཚད་དྲི་ར་ཞིམ་གི་ཞེས་བརྗོད་པ། བླུན་པོས་ཀྱང་ཤེས་ན་མཁས་པས་ལྟ་ཅི་ཞེས་པར་བླུན་པོས་ར་ཤེས་ན་མཁས་པས་ལྟ་ཅི་ཞེས་པ་སོགས་ལྟ་བུའོ།།

གསུམ་པ། ར་སྒྲ་སྐུལ་ཚིག་ལ་འཇུག་ཚུལ།

  ཨམ་སྐད་ཁྲོད་དུ་ར་སྒྲ་སྐུལ་ཚིག་ལ་འཇུག་པའི་གནས་སྐབས་མང་ཞིང་། དེ་ཡང་གཙོ་བོ་སྐུལ་ཚིག་གི་གྲོགས་བྱེད་པའི་ནུས་པ་འདོན་པ་ཡིན་ཏེ། དང་སྒྲ་དང་། ཅིག་ཞིག་ཤིག་སྐུལ་ཚིག་ལ་འཇུག་ཚུལ་དང་ཆ་མཚུངས་ཀྱང་ཡོངས་སུ་མཐུན་པར་མི་འདོད།དཔེར་ན།མགྲོན་པོ་ཁྱིམ་དུ་སླེབས་ནས་མགྲོན་བྱེད་དུས་ཤ་བཙོས་ནས་མགྲོན་པོའི་སྔོན་དུ་བཞག་ནས་འདི་ལྟར་བཤད་ངེས་ཏེ། ཡ། ད་ཤ་དེ་ཟོ་ར། ཞེས་དང་།གཞན་ཡང་རྒྱུགས་ར་དང་། རྒྱོབས་ར། སོད་དྲ་སོགས་ལྟའོ།།

                                 མཚོ་སྔོན་བོད་ཡིག་གསར་འགྱུར།2014·11·07།པར་ངོས19པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1