༄༅།། ནོར་འཁྲུལ་བཟོ་བའི་དགེ་མཚན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-31


  མི་རྣམས་ཀྱིས་ནོར་འཁྲུལ་བཟོ་བར་ཤིན་ཏུ་འཛེམ་ན་ཡང་། མ་ནོར་ཡང་དག་གི་བདེན་པ་ཁོ་ན་སྙེག་པ་དེ་ཡང་དོན་དག་ཡག་པོ་ཞིག་ག་ལ་ཡིན། ནོར་འཁྲུལ་བཟོས་པ་ལས་རྒྱུན་དུ་དྲན་ཚུལ་གསར་བ་བསྐྱེད་ལ། སྔོན་ཆད་མ་མྱངས་པ་ཞིག་མྱོང་དུ་ཡང་འཇུག་པ་རེད། འོན་ཀྱང་མ་ནོར་ཡང་དག་གི་ལམ་ཁོ་ནར་བསྙེགས་ན་ནི་སྔར་སོང་གི་ལམ་ཁོ་ན་ཞིག་བསྙེགས་པ་ཡིན། བྱིས་པས་ནོར་འཁྲུལ་མ་བཟོས་ན་ཐ་ན་སྐད་ཆ་ཡང་ཡག་པོ་ཞིག་བཤད་མི་ནུས་པ་རེད། མིའི་རིགས་ཀྱིས་ནོར་འཁྲུལ་བཟོ་བའི་ཉེན་ཁ་དེ་མ་བརྒྱུད་ན་འཕེལ་རྒྱས་དང་གསར་གཏོད་ཟེར་བའང་ཡོད་པ་མ་རེད།

  ངས་རང་ཉིད་ནི་མི་གཤིས་ཀ་འཇམ་པོ་ཞིག་ཡིན་པར་རློམ་ཡོད་ལ། ནམ་རྒྱུན་དུ་ཡང་མི་གཞན་དང་འགལ་བ་བྱུང་བ་ཧ་ཅང་ཉུང་། འོན་ཀྱང་དེ་ནི་མ་ནོར་ཡང་དག་གི་བདེན་པར་སྙེག་ཚུལ་གཞན་ཞིག་རེད། ཐེངས་ཤིག་ངས་ཁྱིམ་ཚང་གསོ་བཅོས་ཀྱི་དགེ་རྒན་ཞིག་ལ་དྲིས་པ། ངའི་བུ་མོས་ང་ལ་སྐད་ཆ་བཤད་སྐབས་རྒྱུན་དུ་མི་འདོད་པའི་རྣམ་འགྱུར་སྟོན་པ་ཅིའི་ཕྱིར་ཡིན་ནམ་ཞེས་པ་དེ་ཡིན། མོས་ཉིན་གཅིག་རིང་ང་དང་ངའི་བུ་མོ་གཉིས་ཀྱི་འབྲེལ་འདྲིས་བྱེད་ཚུལ་ལ་ལྟ་རྟོག་བྱས། མོས་ང་ལ་བཏབ་པའི་ལན་ནི་འདི་ལྟ་སྟེ། རྒྱུ་མཚན་ནི་ཁྱོད་ཀྱིས་བཤད་པ་ལ་ནོར་འཁྲུལ་ཅི་ཡང་མིད་པས་མོས་སྐད་ཆའི་ཐོག་ནས་ཁྱོད་ལ་འགྲན་སློང་མི་ནུས་པའི་ཚོད་དུ་སླེབས། དེ་བས་མོས་བྱ་སྤྱོད་ཀྱི་སྟེང་ནས་ཁྱོད་ལ་མི་འདོད་པའི་རྣམ་འགྱུར་བསྟན་པ་རེད་ཅེས་པ་དེ་རེད། མོས་ང་ལ་ནམ་རྒྱུན་གྱི་ཁ་བརྡའི་ཁྲོད་ནས་ནོར་འཁྲུལ་བཟོས་ལ་མོར་ནོར་འཁྲུལ་དེར་དགག་པ་གཏོང་བའི་གོ་སྐབས་ཐོབ་ཏུ་འཇུག་པ་དང་། མོ་ལ་ཁ་བརྡའི་ཁྲོད་ནས་རྒྱལ་ཁ་ཐོབ་པའི་སྣང་བ་སྟེར་དགོས་པའི་བསམ་ཚུལ་བཏོན། ངས་དེ་ལ་སྣང་དོགས་མ་བྱས་པར་ངས་ནོར་འཁྲུལ་ཅན་གྱི་སྐད་ཆ་གཅིག་ཀྱང་མི་བཤད་པ་ག་ལ་ཡིན། ངས་མོས་ངའི་སྐད་ཆར་དག་ཐེར་བྱེད་པར་རེ་བ་འཆང་བཞིན་ཡོད་ཅེས་བཤད་འདོད་བྱུང་མོད། ངས་དེ་མ་ཐག་བསྲན་པ་ཡིན། རྒྱུ་མཚན་ནི་ངས་རང་ཉིད་ཀྱི་དྲན་ཚུལ་དེ་ཙམ་ཡང་དོན་གྱིས་རང་གི་མ་ནོར་ཡང་དག་གི་བདེན་པ་སྲུང་ཆེད་ཡིན་པ་ཧ་གོ་བྱུང་།

  ཇེ་དག་ནས་ཇེ་དག་དང་ཇེ་བཟང་ནས་བཟང་དུ་འགྱུར་བཞིན་པའི་སྤྱི་ཚོགས་སུ་ཡང་དག་ཀྱང་དོན་གྱིས་ཆབ་སྲིད་ཀྱི་ཡང་དག་ལྟ་བུ་ཞིག་ཏུ་གྱུར་འདུག སྐབས་འདིར་ཏག་ཏག་ནོར་འཁྲུལ་བཟོ་བའི་དགེ་མཚན་ནམ་རིན་ཐང་དེ་གནད་དུ་སྟོན་དགོས། ནོར་འཁྲུལ་བཟོ་རུང་བའི་གུ་ཡངས་དེ་ལྡན་ན་རང་ཉིད་བཅིངས་འགྲོལ་བྱེད་ཐུབ་པ་ཡིན། ཡང་དག་གི་མི་དེས་ནམ་ཡང་རང་ཉིད་ཀྱི་དེ་ཉིད་ཕྱིར་སྟོན་པར་མི་བྱེད་པར། ཕྱིར་སྟོན་པ་ནི་ཡང་དག་གི་བཟོ་ལྟ་དེ་ཁོ་ན་ཡིན་ལ། ནོར་འཁྲུལ་ཅི་ཡང་མེད་པར་གཞན་གྱི་བྱ་བྱེད་དག་རང་ཉིད་བརྡར་ཤ་གཅོད་ཡུལ་འབའ་ཞིག་ཏུ་བརྩི་བ་དང་། རང་ཉིད་ནི་ནམ་ཡང་བདེན་པ་ཡང་དག་གི་ཚབ་བྱེད་ལྟ་བུར་སྙམ་པ་ཙམ་རེད། དེ་ལྟར་མ་བྱས་ན་རང་སེམས་ཀྱི་འཁྲུག་སློང་ཞི་བའི་ཐབས་རྙེད་ཀྱིན་མེད །དོན་གྱིས་དེ་ནི་ཚུལ་འཆོས་ཀྱི་ཕྱི་པགས་ཙམ་ལས་མ་འདས།།


                               2015ལོའི་ཟླ་10པའི་ཚེས་16ཉིན་གྱི་ 《མཚོ་སྔོན་བོད་ཡིག་གསར་འགྱུར།》པར་ངོས་17ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1