རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་པེ་ཅིང་དུ་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-09


  སྤྱི་ཟླ་1པའི་ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དུ་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་ཆེན་ལ་ཞུགས་པར་མ་ཟད་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་གནང་། ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁང་གི་ཚབ་མཛད་དེ་གསུང་བཤད་གནང་བ་དང་ཀྲང་ཀོའོ་ལི་ཡིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་།
  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་2015ལོའི་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ཚན་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་པའི་འཐུས་མིར་བྱ་དགའ་གནང་བར་མ་ཟད་ཁོ་ཚོར་རྟེན་འབྲེལ་ཞུས།
  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་བྱ་དགའ་ཐོབ་པའི་འཐུས་མི་རྣམས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་བླ་མེད་གུས་འདུད་དང་བརྩེ་བའི་འཚམས་འདྲི་གནང་། དེ་མིན་ཀྲུང་གོའི་ཚན་རྩལ་ལས་དོན་ལ་ཟབ་ཞུགས་དང་རྒྱལ་སྐྱོར་བྱས་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དག་ལ་རྣམས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས།
  ལི་ཁེ་ཆང་གིས་འདས་ཟིན་པའི་ལོ་ངོ་གཅིག་ནི་རང་རྒྱལ་གྱིས་དཀའ་ངལ་ཁྱད་དུ་བསད་ཅིང་འགྲན་རྩོད་སྣ་ཚོགས་ལ་གདོད་གཏད་དེ་གྲུབ་འབྲས་ཆེན་པོ་བླངས་པའི་ལོ་ཞིག་ཡིན་པ་དང་ཚན་རྩལ་ལས་དོན་ཐད་ལ་བྱས་རྗེས་ཆེན་པོ་བཞག་པའི་ལོ་ཞིག་རེད། རང་རྒྱལ་གྱི་ཚན་རིག་པ་མང་པོ་ཞིག་གིས་རྒྱལ་སྤྱིའི་ཚན་རྩལ་བྱ་དགའ་བླངས་པ་དང་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་བྱ་དགའ་དང་རྒྱལ་ཁབ་ཀྱི་གསར་གཏོད་བྱ་དགའ་སོགས་བྱ་དགའ་གང་མང་བླངས། ཐོའུ་ཡུའོ་ཡུའོ་ནི་རང་རྒྱལ་གྱི་ནོའུ་པེར་བྱ་དགའ་ཐོག་མ་ཐོབ་པའི་ཚན་རིག་པར་གྱུར་ཞིང་ཀྲུང་གོའི་ཚན་རིག་པས་མིའི་རིགས་ཀྱི་ཚན་རིག་ལས་དོན་ཐད་ལ་བྱས་རྗེས་ཆེན་པོ་བཞག གསར་གཏོད་ཀྱི་འཕེལ་རྒྱས་འཐབ་ཇུས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཞིང་དམངས་ཡོངས་གསར་གཏོད་ཀྱིས་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ལ་སྐུལ་སློང་གི་ནུས་པ་ཐོན་སྲིད། ཀྲུང་གོའི་ཚན་རྩལ་གསར་གཏོད་ལ་འཛམ་གླིང་ལ་ངོམ་དུ་རུང་བའི་གྲུབ་འབྲས་བླངས་པ་རེད། དེང་སྐབས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བའི་ཐག་གཅོད་རང་བཞིན་གྱི་དུས་སྐབས་སུ་སླེབས་པ་དང་དཔལ་འབྱོར་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དེ་གནད་འགག་གི་དུས་སྐབས་སུ་འཁེལ་ཡོད་པས། ངེས་པར་དུ་གསར་གཏོད་བྱ་བ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་འཇོག་པ་དང་། གསར་གཏོད་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་གཏང་དགོས་པར་མ་ཟད། གསར་གཏོད་རང་བཞིན་གྱི་རྒྱལ་ཁབ་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1