༄༅།། ལུགས་མཐུན་གྱི་འཚོ་བ་སྐྱོང་ལུགས།

སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-14


  སྤྱིར་འགྲོ་བ་ཡོད་དོ་ཅོག་སྡུག་བསལ་མི་འདོད་ཅིང་བདེ་བ་འདོད་པ་ཤ་སྟག་ཡིན་པ་སྨོས་མ་དགོས་ཤིང་། ལྷག་པར་འགྲོ་བ་མིའི་རིགས་འདི་ནི་བདེ་སྡུག་དོན་གཉེར་གྱི་ཚོར་བ་ཤིན་ཏུ་སྐྱེན་པོ་ཡིན་པ་དང་། དེའི་ཆེད་དུ་འབད་འབུངས་བྱེད་པའི་རྣམ་དཔྱོད་ཀྱི་ནུས་པ་འགྲོ་བ་གཞན་ལས་ཁྱད་པར་དུ་འཕགས་པ་མ་ཟད། རང་རང་གི་ལུས་སེམས་ཀྱི་འདོད་དོན་སྒྲུབ་སྟངས་ཐད་བསམ་བློའི་གནས་སྟངས་ཀྱི་ཐོག་ནས་ཕུགས་རྒྱང་རིང་ཐུང་དང་། ཚེ་འདི་དང་ཕྱི་མའི་བདེ་དོན་སྒྲུབ་པའི་ཐབས་ལམ་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་སྣ་ཚོགས་པ་ཞིག་མི་ལོ་སྟོང་ཕྲག་མང་པོའི་རིང་དར་རྒུད་སྣ་ཚོགས་བྱུང་བའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ལམ་ལུགས་ལ་གཙོ་བོ་ཤར་ནུབ་ཀྱི་འགྲོས་གཉིས་སུ་གནས་པ་དང་། ཆོས་ལུགས་ཀྱི་ཐད་ནས་འཛམ་གླིང་གི་ཆོས་ལུགས་ཆེན་པོ་བཞི་སོགས་ལྟ་གྲུབ་ཡོད་མེད་དང་རྗེས་འབྲང་མང་ཉུང་སྣ་ཚོགས་པ་ཞིག་ཡོད་པ་འདི་རེད། འདི་དག་ལས་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། གདོད་མའི་ལམ་ལུགས་དང་ད་ལྟའི་གནས་བབས་བཅས་ལས་ཆོས་དང་ཆབ་སྲིད་ཀྱི་ལམ་ལུགས་གང་ཞིག་འཚམས་མི་འཚམས་དང་། གང་ཞིག་འཕྲོད་མི་འཕྲོད་ནི་ས་ཕྱོགས་དང་ཡུལ་སྲོལ་དེའི་མིའི་བསམ་བློ་གནས་བབས་དང་བསྟུན་ནས་ཐག་གཅོད་དགོས་པ་མ་གཏོགས། འཛམ་གླིང་གི་མི་རིགས་ཡོངས་ཀྱི་ཁམས་མོས་དང་མཐུན་པའི་ཆོས་ལུགས་ཤིག་མེད་ལ། དཔལ་འབྱོར་དང་ཆབ་སྲིད་ཀྱི་ལམ་ལུགས་ཤིག་དེ་བས་ཀྱང་མེད་ཅིང་། ས་སྒང་འདིའི་སྟེང་དུ་ཡོད་པའི་འགྲོ་མིའི་གཙོས་པའི་སྐྱེ་འགྲོ་ཡོངས་ཀྱི་འདོད་དོན་ཡོངས་རྫོགས་ཐག་གཅོད་ཐུབ་པའི་ཆོས་ལུགས་དང་ཆབ་སྲིད་དཔལ་འབྱོར་སོགས་ཀྱི་ལམ་ལུགས་ཤིག་སྔོན་ཆད་བྱུང་མྱོང་མེད་ལ་འབྱུང་འགྱུར་ལ་ཡོང་མི་སྲིད་པ་རེད། འོན་ཀྱང་ཆོས་ལུགས་དང་ཆབ་སྲིད་དཔལ་འབྱོར་སོགས་ཀྱི་ལམ་ལུགས་གང་ཞིག་འགྲོ་བ་མིའི་ལུས་སེམས་ཀྱི་བདེ་སྐྱིད་ལ་ཕན་པ་ཤས་ཆེ་བ་དང་སེམས་ལ་འཕྲོད་པ་ཤས་ཆེ་བའི་ལམ་ལུགས་རྣམས་མིའི་སྤྱི་ཚོགས་ཀྱིས་ངོས་ལེན་ཐོབ་ཐུབ་ལ་དེ་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་འབྱུང་ཞིང་དེ་འདྲའི་ལམ་ལུགས་ནི་ཕལ་ཆེར་དར་རྒྱས་དང་ཡུན་གནས་ཐུབ་པ་ཡིན།
  དེ་ལྟར་འཇིག་རྟེན་སྤྱིའི་འཚོ་བ་སྒྲུབ་པའི་ཐབས་ལམ་དང་དགོས་མཁོ་སོགས་མདོར་ཙམ་གྱིས་གླེང་སློང་ནས། ད་ལམ་སྐབས་སུ་བབས་པ་རང་ཅག་ཆོས་ལྡན་བོད་ཀྱི་མི་རིགས་འདིའི་དབང་དུ་བྱས་པའི་ལུགས་མཐུན་གྱི་འཚོ་བ་སྒྲུབ་སྟངས་སྐོར་ནས་བསམ་ཤེས་བྱེད་དགོས་པའི་གནད་དོན་འགའ་ཞིག་བཤད་རྒྱུ་ཡིན། འདི་ལ་ལོངས་སྤྱོད་ཀྱི་དགོས་མཁོ། ལོངས་སྤྱོད་སྒྲུབ་ལུགས། འབྲས་བུ་ལ་ལོངས་སུ་སྤྱོད་ཚུལ་གསུམ་དུ་ཕྱེས་ཏེ་བཤད་ན། དེ་ཡང་། དང་པོ་རྒྱུ་ནོར་ལོངས་སྤྱོད་ཀྱི་དགོས་མཁོ་ནི། དབུ་མ་པའི་སློབ་དཔོན་དཔལ་ལྡན་ཟླ་བ་གྲགས་པས། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་།། མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ།། ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས།། ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ།། ཞེས་པ་ལྟར་གང་ཟག་སྒེར་གྱི་ཆ་ནས་ཟས་གོས་གནས་མལ་གྱི་མཐུན་རྐྱེན་ལ་བརྟེན་ནས་ལུས་ལ་བདེ་སྐྱིད་འབྱུང་བ་དང་། དེ་ལ་བརྟེན་ནས་སེམས་ཀྱི་བདེ་སྐྱིད་ཅིག་ཡོང་བའི་ཆེད་དང་། འཇིག་རྟེན་གྱི་མི་སྡེ་ཆེན་པོ་འདིའི་རྒྱལ་ཁབ་དང་གྲོང་དང་གྲོང་ཁྱེར་ཡུལ་སྡེ་བཅས་ཀྱི་ཆོས་དང་རིག་གནས་ཚན་རིག་སོགས་དང་། ཆུ་གློག་ལམ་གསུམ་སོགས་ཡར་རྒྱས་དང་གོང་འཕེལ་ཡོང་བའི་དགོས་པ་ཡོད་མོད། འདི་དག་ཀྱང་མཐར་གཏུགས་ན་འགྲོ་བའི་མིའི་ལུས་སེམས་ཀྱི་བདེ་དོན་ཁོ་ནའི་ཆེད་དུ་ཡིན། མདོར་ན། ལོངས་སྤྱོད་ཀྱི་དགོས་མཁོ་དངོས་ནི། འགྲོ་བ་མི་རྣམས་ཀྱི་ལུས་དང་སེམས་བདེ་སྐྱིད་ཀྱིས་འཚོ་བའི་དགོས་པའམ་ཕན་ནུས་ཤིག་གི་ཆེད་དུ་རེད།
  སྤྱིར་ལུས་སེམས་ཀྱི་འཕྲོད་བསྟེན་འདིའི་ཐད་ནས་བཤད་ན། བོད་མི་རིགས་འདི་ནི་གདོད་མ་ནས་གཙང་སྦྲ་ལ་དགའ་ཞིང་ཆུང་ས་ནས་མི་ཕན་ཚུན་ཕོར་བ་དང་གྱོན་གོས་མཉམ་འདྲེས་དང་།ཕན་ཚུན་འགོམ་ཡུག་ཕོག་པ་ཚུན་ལ་འཛེམ་ཆ་བྱེད་པ་རེད། ལྷག་པར་ཟས་གོས་སོགས་གང་གི་ཐད་ནས་ཀྱང་རྫས་འགྱུར་གྱིས་མ་བསླད་པའི་བཅུད་ལྡན་གྱི་ཟས་རིགས་དང་ཆུ་གཙང་རླུང་གཙང་གིས་འཚོ་བཞིན་གནས་པས་ནད་ཡམས་འདྲ་མིན་ཤིན་ཏུ་ཉུང་ཞིང་། སྐྱེ་བོ་ཕོ་མོ་ཚང་མ་ལུས་སྟོབས་དང་ཤེད་ཤུགས་གཞན་འདྲེན་མཆིས་ན་ཞིག་ཡོད། འོན་ཀྱང་དེང་སྐབས་འཛམ་གླིང་ཤར་ནུབ་ཐག་ཇེ་ཉེ་དང་མི་རིགས་ཕན་ཚུན་འདྲིས་ཆ་ཇེ་ཆེ། རྫས་འགྱུར་དང་འདྲེས་པའི་ཟས་རིགས་སོགས་ཆེས་གསར་དུ་དར་ཞིང་། འཐུང་ཆུ་གཙང་མ་མ་རག་པ་དང་། ཟས་རིགས་དང་ལུས་ཀྱི་འཕྲོད་བསྟེན་ལེགས་པོ་ཞིག་མ་ཡོང་བའི་རྐྱེན་གྱིས་སྔོན་ཆད་གོ་མ་མྱོང་བའི་ནད་ཡམས་བསམ་གྱིས་མི་ཁྱབ་པ་མང་པོ་ཞིག་སྤང་ལ་ཤ་མོ་བརྡོལ་བ་བཞིན་ཡོང་བཞིན་པའི་སྐབས་སུ། དེང་རབས་རྫས་འགྱུར་ལས་བྱུང་བའི་ཟས་རིགས་དང་ལྷག་པར་སྐོམ་ཆུ་འདྲ་མིན་རིགས་དང་། ཞོར་ཟས་ཀྱི་རིགས་འདི་དག་གིས་སྔར་གྲགས་མ་མྱོང་བའི་ནད་རིགས་འདྲ་མིན་སྐྱེད་བཞིན་པ་མངོན་སུམ་མཐོང་ཆོས་ཡིན་པས་རང་ཅག་བོད་རིགས་ཡོངས་ཀྱིས་གནས་སྐབས་ཁ་མངར་སྐྱུར་གྱི་རོ་ཙམ་ལ་ཆགས་ནས་འཕྲལ་ཡུན་ཀུན་ཏུ་མི་བདེ་བའི་ནད་གཅོང་ཞིག་བྱེད་མི་རུང་ཞིང་། ཚེ་འདིར་ལུས་ལ་ན་ནད་ཇི་ལྟར་འབྱུང་མིན་གཙོ་བོ་སྔོན་གྱི་ལས་ལ་ཐུག་མོད། སྔོན་ལས་དེ་ཡང་འཕྲལ་རྐྱེན་ཞིག་གིས་སློང་ཡོང་བས་ཕ་མ་རྒན་རྒོན་སོ་སོའི་འགན་ལེན་གྱིས་རང་རང་གི་གཅེས་པའི་བུ་ཕྲུག་གི་ལུས་སེམས་ཀྱི་འཕྲོད་བསྟེན་ལ་ཆེས་ཤིན་ཏུ་ནས་དོ་ནན་ཆེན་པོ་བྱེད་དགོས་པ་གནད་ཀྱི་དོན་པོ་ཡིན།
  དེས་ན་རྒྱུ་ནོར་དཔལ་འབྱོར་གྱི་དགོས་མཁོ་དངོས་ནི། ཚེ་འདིའི་སྐྱེ་བོ་སྒེར་སོ་སོའི་ལྟོ་ལ་འཕྲོད་པའི་ཟས་དང་། རྒྱབ་ལ་དྲོ་བའི་གོས། དེའི་སྟེང་དུ་སྡོད་སའི་གནས་ཁང་སྐྱིད་པོ་ཞིག་ཡོང་བ་ནི་དཔལ་འབྱོར་གྱི་མ་མཐའི་དགོས་པ་ཡིན། དེ་མ་བྱུང་ན། སྒོ་ལ་ཕྱུགས་དང་། ཕུགས་ལ་འབྲུ། དངུལ་ཁང་དུ་སྒོར་དུང་ཕྱུར་ཡོད་ཀྱང་དེ་དག་གིས་ཕན་ཐོགས་མ་བྱུང་བས་རྒྱུ་ནོར་དེ་དག་མེད་པ་དང་གཅིག་མཚུངས་ཡིན། ད་དུང་རྒྱུ་ནོར་དེ་དག་གསོག་སྲུང་གི་དཀའ་ངལ་དེ་ལ་བལྟོས་ནས་རྒྱུ་ནོར་ཡོད་པས་ཕན་རྒྱུའི་ཚབ་ཏུ་ལུས་སེམས་ལ་གནོད་ཚབས་ཤིན་ཏུ་ཆེ་བས་མེད་ན་དགའ་བ་ཡིན། རང་གི་ལྟོ་གོས་གནས་མལ་ཕུན་སུམ་ཚོགས་པའི་རྗེས་སུ་རྒྱུ་ནོར་ལྷག་མ་བྱུང་ན། དམ་པའི་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བདེ་དོན་སོགས་ལ་བཏང་ན་ལེགས་ཤིང་། དེ་ནི་མཐོང་ཆོལ་ལ་གཞན་ཕན་གྱི་བྱ་བ་ཡིན་པ་དང་། དོན་ལ་རང་རང་གི་འདི་ཕྱིའི་ལེགས་ཚོགས་འགྲུབ་ཡོང་བ་མ་ཟད། འཕྲལ་དུ་ཡང་མི་གཞན་གྱིས་མཐོང་དང་ཆ་འཇོག་བརྩི་བཀུར་གཞན་ལས་ལྷག་པ་ཞིག་ཐོབ་ཡོང་བ་ནི་སྦྱིན་པ་གཏོང་བ་དང་མཆོད་པ་ཕུལ་བའི་མཐོང་ཆོས་ཀྱི་འབྲས་བུ་ཡིན་ལ། ཚེ་རབས་ཕྱི་མ་རྣམས་སུ་ཡང་སྦྱིན་པས་འབྲས་བུ་ལོངས་སྤྱོད་ཆེན་པོ་འབྱུང་བར་གསུངས་ཏེ། རྗེ་བླ་མ་ཙོང་ཁ་པ་ཆེན་པོས། སྦྱིན་ལས་འབྱོར་ལྡན་གནས་ཡིན་དབུལ་བོ་མིན།། སེར་སྣས་དབུལ་པོའི་གནས་ཡིན་འབྱོར་ལྡན་མིན།། ཞེས་དང་། ས་པཎ་གྱིས། འཇུངས་ཕྱུག་པོ་མི་སྲིད་ཅིང་།། གཏོང་ལ་དབུལ་པོ་མི་སྲིད་པས།། འཇུངས་པ་ནོར་དད་ཆུང་བ་དང་། གཏོང་བ་ནོར་ལ་རྔམས་པ་འདྲ།། ཞེས་སྦྱིན་པ་ཇི་ལྟར་གཏོང་བ་དེས་ཚོད་ཀྱིས་འབྱོར་བ་རྒྱས་པ་ཡོང་བ་ནི་མདོ་རྒྱུད་ཀུན་གྱི་དགོངས་པ་འཁྲུལ་མེད་ཡིན།
  གཉིས་པ་ལོངས་སྤྱོད་སྒྲུབ་ལུགས་འདི་དེང་སྐབས་ཤིན་ཏུ་ནས་གལ་ཆེ་བ་ཞིག་དང་། རྙོག་འཛིང་ཆེ་བ་ཞིག་ཀྱང་རེད། འདི་ལ་ངས་བཤད་རྒྱུ་ནི། སྤྱིར་ས་སྒང་རིལ་བོ་འདིའི་སྟེང་གི་གླིང་ཆེན་དྲུག་དང་རྒྱལ་ཁབ་ཉིས་བརྒྱ་ལྷག་ཡོད་པ་རྣམས་ལས་རྒྱལ་ཁབ་དང་ཚོགས་སྡེ་སོ་སོའི་དཔལ་འབྱོར་གྱི་ལམ་ལུགས་དང་། དཔལ་འབྱོར་གྱི་སྒྲིག་གཞི་མི་འདྲ་བ་སྣ་ཚོགས་ཡོད་པ་དག་རང་ཅག་གིས་ཤེས་ན་ལེགས་པ་དང་ཤེས་དགོས་པ་ཞིག་ཡིན་མོད། འོན་ཀྱང་འདིར་རང་གི་བསམ་ཚུལ་འགའ་ཞིག་ཞུ་འདོད་པ་ནི། བོད་རང་གི་སྲོལ་རྒྱུན་ལྟར་གྱི་དཔལ་འབྱོར་འདུ་འགོད་བྱེད་ལུགས་དང་། དེ་ལ་ལོངས་སྤྱོད་ལུགས་སོགས་ནང་པའི་ཆོས་དང་མཐུན་པའི་ལག་ལེན་བྱེད་ཕྱོགས་སྐོར་རགས་ཙམ་ཞིག་བཤད་རྒྱུ་ཡིན། སྤྱིར་ནང་བསྟན་ཆོས་ལུགས་ནས་ཀྱང་དཔལ་འབྱོར་གཏན་ནས་སྒྲུབ་མི་རུང་བ་དང་། ཆོས་བྱེད་མཁན་ཞིག་ཡིན་ཕྱིན་སྤྲང་པོ་སྤྲང་རྐྱང་བྱས་ནས་འདུག་དགོས་པ་གཏན་ནས་གསུང་མེད་པ་མ་ཟད་རྒྱུད་རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད།། མཆོག་དང་ནོར་སྟེར་དཔལ་དང་གཡང་།། སྐལ་བཟང་རྣམ་པ་དང་ལྡན་དང་།། དམ་བཅའ་བ་དང་བཀྲ་ཤིས་དོན།། ནོར་བུ་འཛིན་པའི་སྔགས་སུ་བརྗོད།། ཅེས་མཆོག་ཆོས་དང་། ཐར་པ་དང་། ནོར་དང་། འདོད་པ་སྟེ་ཕུན་ཚོགས་སྡེ་བཞིར་གསུངས་ཤིང་། དེ་ཡང་གནས་སྐབས་ཚེ་འདིའི་ལུས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ནོར་དང་། སེམས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་འདོད་དོན་དང་། ཚེ་ཕྱི་མའི་དོན་འགྲུབ་པའི་ཆེད་དུ་ཆོས་དང་། གཏན་དུ་བདེ་བའི་ཆེད་དུ་ངེས་ལེགས་ཐར་པ་སྒྲུབ་དགོས་ཞེས་ཕུན་ཚོགས་སྡེ་བཞི་ལ་སྦྱར་ནས་གསུངས་ཡོད།
  དེས་ན་ཆོས་ལུགས་དང་མཐུན་པའི་དཔལ་འབྱོར་རྩོལ་སྒྲུབ་བྱེད་ལུགས་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར།། དབང་པོ་སྡོམ་པར་བྱེད་པ་སྟེ།། ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར།། ཚིག་འཇམ་སྔར་ནི་སྨྲ་བའོ།། གཞོགས་སློང་དེ་ནི་ཐོབ་བྱའི་ཕྱིར།། གཞན་གྱི་རྫས་ལ་བསྔགས་བྱེད་པའོ།། ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར།། མངོན་སུམ་གཞན་ལ་སྨོད་བྱེད་པ།། རྙེད་པས་རྙེད་པ་རྣམ་འདོད་པ།། སྔར་ཐོབ་པ་ལ་བསྔགས་བྱེད་པའོ།། ཞེས་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་ལོག་འཚོ་དང་མ་འདྲེས་པར་ནོར་སྒྲུབ་ལུགས་དང་། ཆོས་དང་མཐུན་པའི་རྒྱལ་སྲིད་སྐྱོང་ལུགས་ཤིག་གསུངས་ཤིང་། ལྷག་པར་ལམ་རིམ་དང་བསྟན་རིམ་སོགས་ལས་དམ་པའི་ལྷ་ཆོས་བྱེད་པའི་སྐབས་སུ་མཆོད་པ་དང་བསྙེན་བཀུར་གྱི་རྒྱུ་ལ་ཚུལ་འཆོས་དང་ལོག་འཚོས་མ་སྦགས་པར་དགོས་པར་ཡང་ཡང་གསུངས་པ་ལྟར། རང་ཅག་ཆོས་ལྡན་གྱི་གང་ཟག་སུ་ཞིག་ཡིན་ཡང་དམ་པའི་ཆོས་དང་རྒྱབ་འགལ་དུ་གྱུར་པའི་ལོག་པའི་འཚོ་བ་སྒྲུབ་པ་ནི་མི་འོས་པ་ཞིག་ཡིན། དེ་ཡང་གྱོད་ཁ་མཆུ་བཤད་དེ་གཞན་གྱི་རྒྱུ་ནོར་ཧམ་ཟོས་བྱས་ཏེ་འཚོ་བ། བྲེ་ལོག་དང་སྲང་ལོག་གིས་ཁེ་ཚོང་བླངས་ཏེ་འཚོ་བ། རི་ཁའི་ནོར་རྐུ་གྲོང་ནང་གི་ཁང་རྐུབ་བཏོན། ཐ་ན་གཞན་གྱི་ཚོང་ཁང་དང་རང་གི་ཁྱིམ་ཚང་གི་ཅ་ལག་ཙག་ཙིག་ཚུན་ཆད་བརྐུས་ཏེ་འཚོ་བ། དཔལ་འབྱོར་རྩོལ་སྒྲུབ་ཀྱི་ཚོང་ལས་སོགས་ལ་འཇུག་པའི་སྐབས་སུ་མནའ་བཟའ་རྫུན་བཤད་མགོ་སྐོར་གཏོང་བ་སོགས་དྲང་བདེན་མེད་པའི་བྱ་བ་ཤ་སྟག་བྱེད་པ་སོགས་ནི་ཆོས་འཇིག་རྟེན་གང་གི་ལུགས་དང་མི་མཐུན་པའི་རྒྱུ་ནོར་སྒྲུབ་ལུགས་ཆེས་ཐ་ཤལ་ཡིན། འདི་འདྲའི་ལས་ལ་ཞུགས་ན་དམ་པའི་ཆོས་ཕྱོགས་ནས་བཤད་ན་མི་དགེ་བ་བཅུ་པོ་དང་དུ་བླངས་ཏེ་སྐྱེ་བ་ཕྱི་མར་ངན་སོང་མུ་མཐའ་མེད་པའི་གནས་སུ་འགྲོ་ངེས་ཤིང་། འཇིག་རྟེན་གྱི་ལུགས་དང་མཐུན་པར་བཤད་ན། ཆེ་ས་ནས་རང་རང་གི་མི་ཚེའི་རིན་ཐང་དང་འགྲོ་བ་མིའི་ཆེ་མཐོང་བརླག་པ་རེད་ལ། ཆུང་ས་ནས་རང་དང་རང་གི་ཁྱིམ་ཚང་གི་ཕུག་གི་བདེ་སྐྱིད་དང་། རང་གི་བུ་ཕྲུག་ཚོའི་མདུན་ལམ་ཡང་མེད་པར་འགྱུར་རྒྱུ་ཉག་གཅིག་ཡིན། དཔེར་ན། ཕ་མ་དེ་ཤན་པ་དང་རྐུན་མ་སོགས་ཡིན་ན་དེ་དག་གི་བུ་ཕྲུག་ཚོ་ལ་འབྲེལ་འདྲེས་བྱེད་པར་འཛེམ་པ་དང་། དེ་དག་ལ་བཟའ་ཚང་ཡག་པོ་ཞིག་རག་རྒྱུ་ཡང་ཁག་པོ་ཆགས་འདུག་པ་འཛམ་གླིང་འདིའི་རྒྱལ་ཁབ་ཚང་མའི་ནང་དུ་གནས་སྟངས་གཅིག་གྱུར་ཡིན་པར་ང་ཚོའི་མཐོང་ཆོས་སུ་ཡོད་པ་འདི་རེད།
  འོ་ན། ཆོས་མཐུན་གྱི་འཚོ་བ་སྒྲུབ་འཚོ་བ་སྒྲུབ་ལུགས་གང་ཞེ་ན། ཆོས་དང་མཐུན་པའི་འཚོ་བ་སྐྱོང་དགོས་ཞེས་བཤད་པ་ནི། རྒྱུ་ནོར་ཡོད་ཚད་ཆོས་ཕྱོགགས་སུ་གཏོང་དགོས་ཞེས་པ་མིན་པར་དྲང་བདེན་དང་ལས་འབྲས་དཔང་བཞག་གྱིས་ཚོང་ལས་དང་། ཞིང་ལས། འབྲོག་ལས། བཟོ་ལས། ཞོར་ལས་སོགས་བྱེད་རྒྱུ་དེ་ཡིན། འགའ་ཞིག་གིས། དྲང་བདེན་དང་ལས་འབྲས་དཔང་འཕེར་བྱས་ན་ཚོང་ལ་ཁེ་སྤོགས་གཏན་ནས་ཡོང་མི་སྲིད་ཟེར་མཁན་དེ་འདྲ་འདུག་ཏེ་མ་ཤེས་པ་རེད། དེ་ཡང་དྲང་བདེན་མིན་པའི་་ཚོང་ལས་དང་བྱ་གཞག་སྣ་ཚོགས་པ་ཞིག་གནས་སྐབས་སུ་ལམ་དུ་རྒྱུགས་པ་ལྟ་བུ་སྣང་མོད། ཕུག་གཏན་པོ་ཞིག་མིན་ལ། ལྷག་པར་རྫ་དཔལ་སྤྲུལ་རིན་པོ་ཆེས། ནོར་གསག་པས་མི་སོག་བསོད་ནམས་བསགས་པས་སོག །ཅེས་གསུངས་པ་ལས་འབྲས་ཀྱི་རྣམ་གཞག་ཁས་མི་ལེན་པ་དག་གི་རྣ་བར་འགྲོ་བ་ཞིག་མིན་ཡང་། སྐྱེ་བ་སྔ་ཕྱི་དང་ལས་འབྲས་ཁས་ལེན་པའི་ནང་པ་དག་གིས་དང་དུ་ལེན་དགོས་པ་དང་ལེན་འོས་པ་ཡིན་ཏེ། དགེ་བའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་བདེ་སྐྱིད་དང་། མི་དགེ་བའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་སྡུག་བསལ་ཡིན་པར་རྒྱལ་བའི་གསུངས་པ་ལྟར་དོན་ལ་གནས་པའི་ཕྱིར་དང་། འཇིག་རྟེན་གྱི་ཁ་དཔེ་ལ། བདེན་ལུང་པ་གཉིས་དེ་ཕུ་ཐག་རིང་། ། རྫུན་ཨ་བྲ་གཉིས་དེ་རྔ་མ་ཐུང་། ། ཞེས་པ་ལྟར། དྲང་བདེན་མིན་པའི་བྱ་གཞག་ལས་འབྲས་བུ་ལེགས་པ་ཞིག་འབྱུང་མི་སྲིད་དེ། དུག་བཏབ་སྟེ་ནས་འབྲས་སོགས་ཀྱི་མྱུ་གུ་མྱུ་གུ་སྐྱེ་མི་སྲིད་པ་ལྟར་རོ།
  དེས་ན། འཛམ་གླིང་གི་ཆེས་ཆེ་བའི་ཚོང་ར་ཕལ་ཆེ་བས་དྲང་བདེན་གྱི་ཚོང་ལས་བྱེད་པ་ཡིན་ཞིང་། གལ་སྲིད་ཚོང་ར་ཆེན་པོ་དག་གིས་ཁྲིམས་མཐུན་དང་དྲང་བདེན་མ་བས་ཚེ་ཡུན་རིང་པོ་གནས་ཀྱང་མི་ཐུབ་པའི་དཔེ་མཚོན་ཤིན་ཏུ་མང་། དེས་ན་དྲང་བདེན་གྱི་ཚོང་ལས་གཉེར་ལུགས་ཀྱང་། འདུལ་བ་ལུང་དགེ་སློང་མའི་རྣམ་འབྱེད་ལས། ཡུལ་གཞན་གྱི་སྦྱོར་བས་སྔ་མའི་རྒྱུད་སྦྱོང་བར་བྱའོ། ཞེས་དགེ་སློང་འགའ་ཞིག་བུ་ལོན་ཆེན་པོ་ཅན་དུ་གྱུར་ཏེ་བུ་ལོན་འཇལ་མ་ཐུབ་ཚེ་ཕམ་པས་གོས་པའི་ཉེན་པ་བྱུང་བ་ན། ནོར་རྫས་ཕལ་ཆེ་བ་ཐོན་ཁུངས་ཀྱི་ཡུལ་ཕྱོགས་དེ་ན་རིན་གོང་ཆུང་ཆུང་ཅན་ཡིན་པས། དེ་ཡུལ་ཕྱོགས་གཞན་དུ་ཁྱེར་བ་ན་རིན་གོང་ཆེན་པོ་དགོས་པ་དེ་འདྲ་ཕན་ཚུན་དབོར་འདྲེན་གྱིས་ཡུལ་ཆོས་དང་མཐུན་པའི་ཚོང་ལས་གཉེར་སྟེ་བུ་ལོན་འཇལ་ཐབས་བྱེད་དགོས་པ་དང་། དེ་དགེ་སློང་ལ་ཉེས་མེད་དུ་གནང་བ་ལྟར། ཁྱིམ་པ་ཕོ་མོ་སུ་ཞི་ཡིན་ཡང་དེ་འདྲིའི་ལུགས་དང་མཐུན་པ་དང་། དྲང་བདེན་གྱིས་ཚོང་ལས་གཉེར་ལུགས་ཤིག་ཡོད་པ་ཡིན། སྔོན་ཆད་རྒྱ་བལ་གྱི་ཚོང་པ་ཚོས་ཅ་དངོས་ཀྱི་རིན་གོང་གང་ཡིན་དེ་ལ་ལམ་གྲོན་དང་ལས་ཀའི་གླ་ཆ་བསྣན་ཏེ་དེའི་སྟེང་དུ་ཁྲིམས་མཐུན་གྱི་བརྒྱ་ཆ་ཞིག་མ་གཏོགས་ཧམ་སེམས་ཀྱིས་གང་རག་རག་ལེན་པའི་ལུགས་སྲོལ་མེད་ཅིང་། དེང་སྐབས་སུ་ཡང་རྒྱལ་ཁབ་མང་པོའི་ནང་དུ་ཅ་དངོས་ཚང་མ་ལ་བཟོ་གྲྭ་རང་ནས་རིན་གོང་གཏན་འབེབས་ཀྱིས་ཅ་ལག་གི་ཤོག་སྒམ་སོགས་ཀྱི་སྟེང་དུ་གོང་ཚད་བྲིས་ཡོད་པ་དང་། དེ་ལས་ལྷག་པ་ལེན་མི་ཆོག་ཅིང་། ཅ་དངོས་དེ་དག་ཕན་ཚུན་དབོར་འདྲེན་གྱིས་ཚོང་ལས་གཉེར་མཁན་སོ་སོར་རིན་གོང་དེའི་སྟེང་ནས་ཐོབ་ཆ་དང་ཁྲིམས་མཐུན་གྱི་ཁེ་བབས་ཡོད་པ་དེ་འདྲའི་ཚོང་གཉེར་ཚང་མ་དྲང་བདེན་གྱིས་ཚོང་ལས་གཉེར་ལུགས་ཡིན། ང་ཚོ་བོད་འདི་ནི་སྤྱིར་ན་ས་བབས་མཐོ་ཞིང་གྲོང་ཚོ་ཕན་ཚུན་ལམ་ཐག་རིང་བ་དང་། འགྲིམ་འགྲུལ་སྟབས་བདེ་མིན་པ་སོགས་ཀྱིས་སྤྱིར་མཚུངས་ཀྱི་ལམ་གྲོན་དང་ཅ་དངོས་སྐྱེལ་འགྲེམས་ཀྱིས་ཚོང་ལས་གཉེར་རྒྱུ་ཅུང་དཀའ་ཁག་ཆེ་བ་དང་། ཡུལ་ཕྱོགས་གཞན་དང་བསྡུར་ན་ལམ་གླ་སོགས་ཆེ་བས་ཚོང་ལས་ཐད་ས་གནས་གཞན་ལས་རིན་གོང་མཐོ་ཙམ་བྱེད་དགོས་པ་འགྱུར་ཡང་། ཚད་ལས་བརྒལ་བའི་རིན་གོང་བླངས་ཏེ་གཞན་ལ་མགོ་སྐོར་གང་ཐུབ་བྱེད་པ་ནི་ཆོས་འཇིག་རྟེན་གྱི་ལུགས་གང་དང་ཡང་མཐུན་པ་ཞིག་གཏན་ན་མིན།
  མདོར་ན། དྲང་བདེན་གྱི་དཔལ་འབྱོར་རྩོལ་སྒྲུབ་བྱེད་ལུགས་ནི། རང་རང་གི་ལུས་ངག་ཡིད་གསུམ་གང་རུང་ཞིག་དང་དེའི་ཐབས་ལམ་བེད་སྤྱད་དེ་ལས་ཀའི་གྲུབ་འབྲས་ལ་དཔག་ཚོད་ཀྱི་རིན་གོང་དང་གླ་ཕོགས་ལེན་པ་དེ་ཡིན། སྤྱིར་མིའི་རིགས་རང་གཞན་རོགས་གསུམ་ཀུན་རྒྱུ་ནོར་དཔལ་འབྱོར་ལ་དགའ་ཞིང་ལོངས་སྤྱོད་ཀྱིས་ཕྱུག་པ་ལ་དགའ་བ་གཅིག་མཚུངས་སུ་ཡོད་ཀྱང་། ང་ཚོ་བོད་རིགས་ཕལ་ཆེ་བས་དེའི་ཆེད་དུ་དབྱར་དགུན་སྟོན་དཔྱིད་སོགས་དུས་བཞིི་ཀུན་ཏུ་ཐབས་ལམ་སྣ་ཚོགས་ཀྱིས་འབད་འབུངས་བྱེད་ཐུབ་བཞིན་མེད་པ་དང་། ཉིན་ལྟར་བཟའ་ཚང་གང་པོ་ཟ་ཞོར་འཐུང་ཞོར་ཁྱིམ་གྱི་ནང་དུ་གཏམ་འཆལ་སྣ་ཚོགས་སྨྲ་ཞིང་དུས་ཚོད་ཆུད་ཟོས་སུ་གཏོང་བ་འདི་དག་ཆོས་འཇིག་རྟེན་གང་ཐད་ནས་འཐུས་ཤོར་ཤིན་ཏུ་ཆེན་པོ་ཞིག་ཡིན་པར་མ་ཟད། བོད་ཀྱི་ས་གནས་མང་པོ་ཞིག་ཏུ་དབྱར་ཁའི་ཟླ་བ་རེ་གཉིས་ཤིག་ལ་དབྱར་རྩ་དགུན་འབུ་ཞིག་བརྐོས་ནས་དེའི་རིན་བབ་དེ་ཟད་ཟད་བར་དུ་ལོ་འཁོར་མར་གྲོང་འཁྱམ་དང་རྩེད་མོ་སྣ་ཚོགས་ལ་གཡེང་བཞིན་པ་ནི་ཆེས་ཤིན་ཏུ་ཐབས་སྡུག་པའི་འདི་མེད་ཕྱི་མེད་ཀྱི་དུས་ཚོད་འཕྲོ་བརླག་ཏུ་གཏོང་ལུགས་ཤིག་རེད། ལྷག་པར་ཤོ་བག་མིག་མང་གིས་ཉེན་མཚན་འདའ་བར་བྱེད་པ་དག་ནི་དེ་ལས་ཀྱང་རྒྱུ་ནོར་གཏོང་བརླག་དུས་ཚོད་འཕྲོ་བརླག་ཀླད་མེད་བསམ་མེད་ཀྱི་བྱ་སྤྱོད་ཁོ་ནས་ལས་མ་འདས་ཤིང་། བོད་ཀྱི་གཏམ་དཔེར། རང་ཉིད་འཕུང་བས་མ་ཚད་ལྟོ་ཚང་འཕུང་ཞེས་པ་ལྟར་རང་གི་བསམ་བློ་དང་དུས་ཚོད་རྒྱུ་ནོར་བཅས་འཕུང་ཞེས་པ་ལྟར་རང་གི་བསམ་བློ་དང་དུས་ཚོད་རྒྱུ་ནོར་བཅས་འཕུང་བས་མ་ཚད་ཁྱིམ་ཚང་ཉེ་འབྲེལ་གྲོགས་པོ་སོགས་ཀྱི་རྒྱུ་འབྱོར་པ་དང་གཏམ་སྙན་གྲགས་ཡོད་ཚད་ཕུང་ལ་སྦྱར་བ་ཤིན་ཏུ་མང་ངོ་། །
  དེས་ན་བོད་རིགས་ཚོས་རང་རང་གི་དཔལ་འབྱོར་རྩོལ་སྒྲུབ་བྱེད་ལུགས་དེ། འཛམ་གླིང་སྤྱི་མཚུངས་ཀྱི་ཚོང་ལས་ཀྱི་འགྲོ་ལུགས་དང་མཐུན་པ་ཞིག་དགོས་གལ་ཤིན་ཏུ་ཆེ། དེ་ཡང་དང་པོ། དཔལ་འབྱོར་ཡར་རྒྱས་ཀྱི་རྩ་བ་དེང་རབས་ཀྱི་ཤེས་ཡོན་ཡིན་པས་བོད་རིགས་རང་གི་ས་གནས་སོ་སོའི་སློབ་ཕྲུག་རྣམས་དམའ་རིམ་དང་འབྲིང་རིམ་དེ་ནས་མཐོ་རིམ་དང་། ལྷག་པར་ཞིབ་འཇུག་སློབ་མ་དང་ཆེད་ལས་ཀྱི་སློབ་སྦྱོང་ལ་འགྲོ་དགོས་པ་དང་ཆེད་ལས་པ་མང་པོ་ཐོན་དགོས་པ་གནད་ཀྱི་དོན་པོ་ཡིན། གཉིས་པ། བོད་ཀྱི་མི་རིགས་འདིའི་ས་རྒྱ་ཤིན་ཏུ་ཆེ་བས་རང་རང་གི་ས་གནས་ཀྱི་ཐོན་ཁུངས་དཔེར་ན། ནས་འབྲས་གྲོ་སྲན་སོགས་དང་། ཆུ་དང་རྡོ་དང་ཤིང་དང་དབྱར་རྩ་དགུན་འབུ་སོགས་བེད་སྤྱད་ལེགས་པོ་ཞིག་དང་ཐུན་མོང་མ་ཡིན་པའི་ཐོན་རྫས་དེས་ཐུན་མོང་མ་ཡིན་པའི་ཅ་དངོས་བཟོ་སྐྲུན་དང་དེའི་ཚོང་ལས་དེ་གཞན་ལ་མ་ཤོར་བ་ཡོང་སྒོ་ས་གནས་དེ་གའི་དམངས་ཚོགས་ལ་རག་པ་ཞིག་དགོས། གསུམ་པ། ཁྲིམས་མཐུན་གྱི་ཁེ་ལས་འདྲ་མིན་བཙུགས་ཏེ་ས་གནས་སོ་སོའི་མི་ལ་ཤེས་ཚད་དང་མཉམ་པའིི་ལས་ཀའི་རྣམ་གྲངས་འདྲ་མིན་བཟོས་ཏེ་མི་དམངས་རྣམས་རང་དགར་སྡོད་དུ་མི་འཇུག་པ་ལུས་པོ་གཡོ་སྒུལ་བྱེད་དུ་བཅུག་དགོས། བཞི་པ། ས་གནས་སོ་སོའི་མི་སྒེར་རེ་རེས་དཔལ་འབྱོར་གྱི་འགྲོ་གྲོན་མི་ལྕོག་པའི་བཟོ་ལས་དང་འཕྲུལ་ལས་ཚོང་ལས་ཀྱི་རིགས་རྣམས་དུད་ཁྱིམ་མང་པོའམ་གྲོང་སྡེ་འགའ་ཞིག་དང་གྲོང་རྡལ་འགའ་ཞིག་མཉམ་ཞུགས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་མཉམ་སྒྲུབ་ཚོང་སྡེ་བཙུགས་ཏེ་མཉམ་སྒྲུབ་ཀྱི་ཁེ་ལས་གཉེར་རྒྱུ་གལ་ཆེན་པོར་མཐོང་། ལྔ་པ། བོད་རང་གི་ཐུན་མོང་མ་ཡིན་པའི་ལག་རྩལ་ལས་བྱུང་བའི་ལྷ་སྐུ་བཟོ་ལུགས་དང་། ཐང་ག འབྲི་ལུགས། ཐག་འཐག་ལུགས། རྒྱན་གོས་བཟོ་ལུགས། སྟོད་སྨད་ཀྱི་ཡུལ་ལུང་སོ་སོས་ཁང་པ་རྒྱག་ལུགས། ཆུང་ས་ནས་ཟ་མ་བཟོ་ལུགས་ཚུན་ཆད་ཀྱི་བཟོ་ལས་ཡར་རྒྱས་དང་དེ་ལ་བརྟེན་ནས་མཉམ་སྒྲུབ་ཀྱི་ཁེ་ལས་སྣ་ཚོགས་བཙུགས་ཏེ་དཔལ་འབོར་རྩོལ་སྒྲུབ་བྱས་ན་ཚོང་ལས་ཀྱི་ཁེ་བཟང་ཆེན་པོ་ཐོབ་ངེས་རེད། དཔེར་ན། རེབ་གོང་ལྷ་རིས་སྒྱུ་རྩལ་ལྟ་བུ་སྨན་ཐང་ལྷ་དྲུབ་འཚེམ་དྲུབ་སོགས་རྒྱལ་ཁབ་རིམ་པའི་རི་མོ་སྒྱུ་རྩལ་གྱི་རྩེར་སོན་པའི་མང་པོ་ཐོན་བཞིན་པ་དང་དེ་ལ་དཔག་པའི་ཁེ་སྤོགས་མང་པོ་ཐོབ་བཞིན་པ་ལྟར་དང་། ཆབ་མདོ་དང་སྡེ་དགེའི་མགར་བ་དག་གི་ལག་རྩལ་ལས་བྱུང་བའི་ལྷ་སྐུ་དང་མཆོད་ཆས་ལྟ་བུ་བོད་ཀྱི་ཡུལ་ལུང་སོ་སོའི་ཐུན་མོང་མ་ཡིན་པའི་ལག་རྩལ་བྱུང་བའི་ཁྱད་རྫས་སྣ་ཚོགས་ལས་ཚོང་གི་ཁེ་སྤོགས་ཡང་དེ་མཚུངས་ཐོབ་བཞིན་པ་ལྟར་རོ། ། དྲུག་པ། ང་ཚོ་བོད་འདྲི་འབྲོག་པ་ཆེས་མང་བའི་ས་གནས་ཤིག་ཡིན་པས་མཐོ་སྒང་གི་འབྲི་མོའི་འོ་ཞོ་མར་ཕྱུར་སོགས་ཉིན་རེའི་ཞོལ་ཟས་ཙམ་དུ་མི་འགྱུར་བར་དེ་དག་ཐོན་རྫས་སྣ་ཚོགས་སུ་བསྒྱུར་ཏེ་མཉམ་སྒྲུབ་ཚོང་སྡེའི་ཁེ་ལས་གཉེར་རྒྱུ་དེ་ཤིན་ཏུ་གལ་ཆེ། འདི་ལ་དོན་འབྲས་གཉིས་ཡོད་དེ། སྤྱིར་ན་འབྲོག་པས་ཕྱུགས་འཚོ་སྐྱོང་བྱས་པས་ཡོང་བབས་ཀྱི་ཁེ་ཕན་དང་། སྒོས་སུ་ཕྱུགས་རིགས་གསོ་སྐྱོང་དང་འབྲེལ་བའི་གནད་དོན་ཡོད་པ་ཡིན།
  གསུམ་པ་འབྲས་བུ་ལ་ལོངས་སྤྱོད་ཚུལ་ནི། དེ་ཡང་ནང་པའི་ཆོས་ཀྱི་གཞུང་ལྟར་བྱས་ན། ཕྱིའི་ལུས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་དམ་པའི་ཆོས་སྒྲུབ་དགོས་པ་དང་། བདེ་སྐྱིད་ཀྱི་གཙོ་བོ་སེམས་ལ་རག་ལས་པར་གསུངས། དཔལ་ལྡན་ཆོས་ཀྱི་གྲགས་པས། དབང་རྣམས་རེ་རེ་ལ་མ་གནོད་ན།། ཡིད་བློ་ལ་གནོད་པ་མ་ཡིན།། འདི་འགྱུར་ན་ནི་དེ་དག་ཀྱང་།། འགྱུར་བ་དག་ཏུ་མཐོང་བ་ཡིན།། ཞེས་ལུས་དེ་སེམས་ཀྱི་ལྡོག་བྱེད་ཀྱི་རྒྱུ་མིན་པ་དང་། ལུས་ཀྱི་ལྡོག་བྱེད་ཀྱི་རྒྱུ་ལ་སེམས་འཇོག་དགོས་པར་གསུངས་པ་ལྟར།། ལུས་ལ་ཚ་གྲང་དང་འཁྱག་ལྟོགས་གི་དཀལ་ངལ་ཡོད་བཞིན་དུ་སེམས་བདེ་སྐྱིད་ཀྱིས་འཚོ་བ་ཡོད་མོད། སེམས་ལ་ཚོར་བ་སྡུག་བསྔལ་ཤུགས་དྲག་པོས་ནོན་པ་ན། ཁ་ལ་ཟས་ཞིམ་པོ་དང་། ལུས་ལ་གྱོན་གོས་དྲོད་འཇམ་ལྡན་པ་སོགས་ཀྱིས་གཡོག་ཀྱང་བདེ་སྐྱིད་ཀྱི་སྣང་བ་མི་སྐྱེ་བ་ཡིན་པས། ལུས་སེམས་གཉིས་ལས་སེམས་གཙོ་བར་གསུངས་པ་ཡིན།།
  དེས་ན་སྐྱེ་བོ་སྒེར་སུ་ཞིག་ལ་ལོངས་སྤྱོད་ཀྱི་འབྱོར་བ་ཡོད་ཕྱིན་ཆད་རང་གི་ལུས་སེམས་གཉིས་ལ་ཕན་ཐོགས་དགོས་པ་ཡིན་ལ། སེར་སྣའི་དབང་གིས་རང་གིས་སྤྱོད་མི་ནུས་གཞན་ལ་སྦྱིན་མི་ནུས་པའི་འབྱོར་བ་དེ་ཡོད་པ་ལས་མེད་པ་དགའ་བ་ཡིན། དམ་པའི་ཆོས་མ་ཟད་འཇིག་རྟེན་གྱི་བྱ་གཞག་ཀུན་ཀྱང་ལམ་དུ་རྒྱུག་མིན་བསོད་ནམས་ལ་རག་ལས་པས། ཀུན་སློང་ཚུལ་འཆོས་སོགས་ལོག་འཚོས་མ་གོས་པར་དཀོན་མཆོག་ལ་མཆོད་པ་དང་ངན་སློང་ལ་སྦྱིན་གཏོང་བྱེད་པ་སོགས་གལ་ཆེ་སྟེ། བསླབ་བྱ་མུ་ཐི་ལའི་ཕྲེང་བ་ལས། ལྷ་ཆོས་ལྟ་ཞོག་མི་ཆོས་བྱ་གཞག་ཀྱང་། །ལམ་དུ་རྒྱུག་མིན་བསོད་ནམས་ལ་རག་ལས་པས། །དཀོན་ཅོག་མཆོག་དང་ངན་སློང་སྦྱིན་གཏོང་སོགས། །ལེགས་བྱས་སྤེལ་བའི་ཚོགས་ཆེན་གསོག་པ་གནད། །ཅེས་གསུངས་པ་འདི་དོན་ཕན་ལྡན་པའི་བསླབ་བྱ་གལ་ཆེན་པོ་ཞིག་ཡིན། འོན་ཀྱང་སྐྱེ་བོ་སྒེར་སོ་སོའི་དད་མོས་ཀྱིས་དབང་གིས་རང་གི་ལྟོ་གོས་ལ་གྱོང་སྤྲད་དེ་དཀོན་མཆོག་མཆོད་པ་སོགས་བྱེད་པ་ནི། སྤྱིར་རང་དབང་ཡིན་མོད། དཀོན་མཆོག་ལ་མཆོད་པ་དང་ངན་སློང་སྦྱིན་གཏོང་སོགས་ལ་སེར་སྣས་མ་བཅིངས་ཤིང་ཀུན་སློང་རྣམ་དག་ཅིག་དགོས་པ་མ་གཏོགས། མི་འདོད་བཞིན་དུ་གཞན་གྱི་ངོར་བྱས་ཏེ་ཕུལ་བ་སོགས་ནི་ཕན་ཡོན་ཧ་ཅང་ཆུང་བའི་ཕྱིར་རོ། གཞན་ཡང་། རྒྱུ་ནོར་དང་དབང་ཤུགས་ཡོད་པའི་འབྱོར་ལྡན་དག་གིས། ཀུན་སློང་བཟང་པོས། སློབ་ཕྲུག་གསོ་སྐྱོང་དང་། ནད་པར་སྨན་སྦྱིན། ཉམ་ཐག་རོགས་སྐྱོར་སོགས་བྱེད་ཐུབ་ན་སྦྱིན་པ་གཏོང་བའི་ཕན་ཡོན་དཔག་མེད་ཐོབ་ཅིང་དེའི་ནང་ནས་ཤེས་ཡོན་སློབ་གསོའི་ཐོག་ལ་རོགས་སྐྱོར་བྱེད་པ་དེ་གནད་ཆེ་བ་དང་ཕན་ཡོན་གྱི་རྒྱུན་རིང་བ་ཡིན། ད་དུང་དེ་ལས་གལ་ཆེ་བ་ཞིག་ནི། རྒྱའི་གཏམ་དཔེ་ཞིག་ལ། ཉ་ཤ་སྤྲད་པ་ལས་ཉ་འཛིན་སྟངས་བསླབ་པ་དགའ། ཞེས་པ་ལྟར་དེང་གི་ཆར་ཁ་ཟས་དང་གྱོན་གོས་རོགས་དངུལ་སོགས་སྤྲད་དེ་ཕན་ཐོགས་བྱེད་པ་ལས། འགྲོན་ཁང་དང་ཟ་ཁང་ཚོང་ཁང་སོགས་དཔལ་འབྱོར་གྱི་ཡོང་ཁུངས་བཙུགས་ཏེ། དེའི་ནང་དུ་ཚུལ་མཐུན་གྱི་ལས་ཀ་སྤྲོད་པ་དང་ལས་གླ་སྤྲོད་པ་སོགས་བྱས་ཏེ་དཔལ་འབྱོར་སྒྲུབ་སྟངས་བསླབ་པ་དེ་ཕན་ཡོན་ཆེ་བར་མཐོང་། 
  ཡང་གནས་ཚུལ་གཞན་ཞིག་ལ། བོད་མི་རིགས་འདི་རྒྱན་གོས་ལ་ཤིན་ཏུ་དགའ་ཞིང་དེའི་ཆེད་དུ་འགྲོ་སོང་ཕངས་མེད་གཏོང་བ་བྱེད་ཅིང་། རྒྱན་གོས་དེ་དག་བེད་སྤྱད་པའི་དུས་ཚོད་ཕལ་ཆེར་ལོ་གཅིག་གི་ནང་དུ་ཐེངས་འགའ་ལས་མེད་པ་དང་། རྒྱན་གོས་ལ་བརྩིས་ཆེར་བྱེད་མུར་རང་རང་གི་ལུས་ལ་ན་ཚ་ཆེན་པོ་ཕོག་ཀྱང་ཡུན་རིང་བཟོད་བསྲན་དང་འགྲོ་སོང་གྲོན་ཆུང་བྱེད་པ་དང་། རྒྱན་གོས་མཐོང་ཆེན་བྱས་མུར་རང་ཉིད་འདུག་སའི་གནས་ཁང་དང་ཁ་ཟས་རྒྱས་གོས་ཀུན་ལ་གྱོང་ཁ་སྤྲད་པ་དེ་འདྲ་མཐོང་སོང་། དེ་དག་ནི་སྤྱིར་རྒྱུ་ནོར་གྱིས་བཀྲེན་པ་ཡིན་པའི་རྟགས་མཚན་ཞིག་ཡིན་ལ། ལྷག་པར་རྒྱུ་ནོར་གྱི་དགོས་མཁོ་ཡང་མ་ཤེས་པ་ཡིན་ཏེ། རྒྱུ་ནོར་གསོག་པ་དེ་རང་རང་གི་ལུས་སེམས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པ་ལ། རང་རང་གི་ལུས་སེམས་ཀྱི་བདེ་སྐྱིད་དང་འཚོ་བའི་ཆ་རྐྱེན་ལ་མི་ཕན་པའི་རྒྱུ་ནོར་བསགས་པ་ལ་དགོས་པ་གཏན་ནས་མེད་པའི་ཕྱིར་རོ།།

  མཐའ་དོན་ནི། རང་ཅག་ཆོས་ལྡན་བོད་རིགས་ཡོངས་ཀྱིས་རང་རང་གིས་འབད་བརྩོན་ཆེན་པོས་སྒྲུབ་པའི་རྒྱུ་ནོར་དེ་རང་རང་གི་ལུས་ཀྱི་འཕྲོད་བསྟེན་དང་ཟས་གོས་གནས་མལ་སོགས་བདེ་སྐྱིད་ཀྱི་ཆེད་དུ་སོང་ན་རྒྱུ་ནོར་བེད་སྤྱོད་ལུགས་མཐུན་ཞིག་བྱུང་བ་ཡིན་ལ། དེའི་ལྷག་མ་རྣམས་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་པ། བར་དུ་སྤྱི་ཚོགས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་དང་། སྨན་སྦྱིན་ཇི་ལྟར་བགྱིས་རུང་འདི་ཕྱིའི་དོན་ཕན་ལྡན་པ་ཞིག་ཡིན་མོད། ཆོས་དང་འཇིག་རྟེན་གང་གི་དབང་དུ་བྱས་ཀྱང་དོན་མེད་རྣམ་གཡེང་དང་། བག་མེད་ལོངས་སྤྱོད་སོགས་རང་གི་མི་ཚེའི་མདུན་ལམ་ལ་གནོད་པ་དང་། དངོས་དང་བརྒྱུད་ནས་སེམས་ཅན་གཞན་གྱི་ཕན་བདེ་ལ་གནོད་པ་དང་འཚེ་བའི་རྒྱུར་མི་འགྲོ་བ་ཞིག་ལ་འབད་དགོས་སོ།།

                                                     2015ལོའི་《ཁ་བཏགས་དཀར་པོ།》དེབ་5བ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1