༄༅།། མཁལ་ནད་ཀྱི་རྒྱུ་རྐྱེན་དང་བཅོས་ཐབས་བཤད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-14



1. མཁལ་མའི་གོ་དོན་བཤད་པ།
  མཁལ་མ་ཞེས་པ་ནི་དབྱིབས་ལ་ལྟོས་ནས་བཏགས་པའི་མིང་སྟེ་མཁལ་མའི་དབྱིབས་ནི་ཕྱུགས་ཟོག་གི་རྒྱབ་ཏུ་ཁལ་བཀལ་བ་ནང་བཞིན་མིའི་ལུས་ཀྱི་བྱང་ཁོག་སྨད་ཀྱི་ཆར་སྟ་ཟུར་གཡས་གཡོན་གཉིས་ཀྱི་གོང་ཐད་དུ་གནས་ཤིང་དོན་ལྔའི་ཡ་གྱལ་ཞིག་ཡིན་ལ་དེས་སྐོམ་གྱི་དྭངས་སྙིགས་ཕྱེ་ནས་དྭངས་མ་རྣམས་ལུས་ལ་འདྲེན་པ་དང་ལྷན་དུ་སྙིགས་རྣམས་ལྒང་བར་དྲངས་མཐར་གཅིན་ཁུང་བརྒྱུད་ནས་ཐུར་དུ་གཏོང་བར་བྱེད་པའི་ལས་བྱེད་བཞིན་ཡོད་པ་མ་ཟད། ད་དུང་རྐང་བ་འདེགས་འཇོག་དང་ལུས་བརྟན་པོར་གནས་པའི་བྱེད་ལས་ཡང་བྱེད་བཞིན་ཡོད་པ་རེད།
2.མཁལ་ནད་ཀྱི་རྒྱུ་རྐྱེན་བཤད་པ། 
  མཁལ་ནད་ནི་ནད་ཐོག་ལག་ལེན་དུ་ཁྲོད་དུ་ཅུང་མང་པའི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་པ་ལ་དེའི་རྒྱུ་རྐྱེན་ནི་རྒྱུད་བཞི་ཡི་མཁལ་ནད་གསོ་བ་ལས་རྒྱུ་རྐྱེན་བརྡབས་དང་མི་ཐེགས་ཁུར་དང་བཏེག། བརླན་ལ་འདུག་དང་ཆུ་ཡི་ལས་བྱས་འབྱུང་།། ཞེས་གསུངས་བ་ལྟར་རྟ་སོགས་ཀྱིས་བརྡབས་པ་དང་རྡོ་དང་ཅ་ལག་ལ་སོགས་པ་མི་ཐེག་ཀྱང་བཙན་གྱིས་ཁུར་བའམ་ཡང་ན་བརླན་སྟེང་ཡུན་རིང་ལ་ཉལ་འདུག་བྱས་པ་དང་ཆུ་ཡི་ལས་བྱས་པ་ལ་སོགས་ཀྱིས་མཁལ་ནད་འབྱུང་བར་བཤད་དོ།།
3. མཁལ་ནད་ཀྱི་དབྱེ་བ་བཤད་པ། 
  མཁལ་ནད་ཀྱི་དབྱེ་བ་རྒྱུད་ལས་དབྱེ་བ་མཁལ་རླུང་མཁལ་གཅོང་འོར་ལྷུང་དང་།། མཁལ་ཚད་ཆུ་ཤོར་འགྲམས་གྲུམ་ད་རྒན་བརྒྱད།། ཞེས་གསུངས་ཡོད་ལ་དེ་ལས་མཁལ་རླུང་ནི་རླུང་ནད་ཀྱི་ནང་གསེས་མཁལ་མ་ལ་རླུང་ཞུགས་པ་ཡིན་ལ། མཁལ་གཅོང་ནི་གཅོང་ནད་མཁལ་མ་ལ་བབས་པ་དང་འོར་ལྷུང་ནི་མཁལ་ནད་སྨད་རྐང་བ་ལ་ལྷུང་བ་དང་། མཁལ་ཚད་ནི་མཁལ་མ་ལ་ཚ་བ་ཞུགས་པ་དང་ཆུ་ཤོར་ནི་མཁལ་ཆུ་བསགས་པའི་ནད་ཅིག་ཡིན་པ་དང་མཁལ་འགྲམས་ནི་བརྡབས་སྐྱོན་གྱིས་བྱུང་བའི་མཁལ་ནད་རིགས་ཤིག་དང་། མཁལ་གྲུམ་ནི་གྲུམ་བུའི་ནང་གསེས་མཁལ་ནད་རུས་ལ་བྱེར་བ་ཞིག་དང་ད་རྒན་ནི་མཁལ་ནད་ཀྱི་དབང་གིས་སྒལ་ཚིགས་ཀྱི་བར་དུ་རུས་བ་གསར་སྐྱེས་བྱུང་ནས་ཚིགས་འབུར་ཐོན་པ་ཞིག་ཡིན་ལ། དེ་དག་རང་རང་གི་ནད་ཀྱི་ངོ་མི་གཅིག་པའི་རྐྱེན་གྱིས་བཅོས་ཐབས་ཀྱང་གཅིག་མཚུངས་མ་ཡིན་ཏེ་དཔེར་ན་མཁལ་རླུང་རླུང་བཅོས་དང་མཁལ་གཅོང་ལ་གཅོང་ནད་ཀྱིས་བཅོས་ཐབས་དང་མཁལ་ཚད་ལ་ཚད་པའི་བཅོས་ཐབས་བཅས་གཙོ་བོར་འཛིན་དགོས་པ་ལྟ་བུའོ།།
4. མཁལ་ནད་ཀྱི་རྟགས་བཅོས་བསྡུས་ནས་བཤད་པ།
  དེ་ལྟར་རྐེད་པ་འཕྱོངས་ནས་ན་བ་དང་མནན་ན་ནད་དམིགས་མེད་ཅིང་སྐབས་རེ་ལ་མཁལ་རྐེད་ན་ཞིང་རེ་འགའ་མི་ན་བ་དང་གྲང་ཚེ་ན་བ་དང་དྲོས་ན་མི་ན་བ་དང་གཅིན་སྙི་བ་དང་རྣ་བ་འོན་པ་སྟེ་སྒྲ་མི་གོ་བ་ཡིན་ན་མཁལ་རླུང་གི་ནད་ཡིན་པས་སྨན་བཅོས་ཀྱང་དྲོད་བཅུད་ཀྱིས་བཅོས་བར་བྱ་ལ། ཁོག་སྨད་གྲང་ཞིང་རྐེད་པ་འཁོར་ནས་ན་བ་དང་རྐང་བ་དྲུད་ནས་འགྲོ་བ་དང་དཔྱི་དང་རྐེད་པ་ལ་ཟུག་རྔུ་སྐྱེས་པ་དང་ཆུ་སྲི་བ་སྟེ་ཡང་ཡང་གཏོང་དགོས་པའི་ཚོར་སྣང་འབྱུང་བ་དང་ལུས་ཀྱི་བཅུད་རླུགས་པ་སྟེ་ཟུངས་ཤོར་བ་དང་སྒལ་འདབས་ཀྱི་བཤུལ་ཤ་སྦྲིད་ནས་ན་བ་ཡིན་ན་མཁལ་གཅོང་གི་ནད་ཡིན་པས་བཅོས་ཐབས་ཀྱང་གཅོང་ནད་དང་མཁལ་ནད་ཀྱི་བཅོས་ཐབས་རྩ་བར་འཛིན་དགོས་པ་དང་།མཁལ་རྐེད་ན་ཞིང་ཟ་འཕྲུག་ལངས་པ་དང་འགྲོ་འདུག་བྱས་པའི་ཚེ་ན་པུས་མོའམ་བོལ་གོང་སྐྲངས་པ་ཡིན་ན་མཁལ་ནད་འོར་ལྷུང་གི་ནད་རྟགས་པས་ཆུ་སེར་དང་མཁལ་ནད་ཀྱི་བཅོས་གཙོ་བོར་འཛིན་དགོས་པ་དང་མཁལ་རྐེད་ན་ཟུག་ཆེ་ཞིང་འཕོ་འགྱུར་མེད་པར་རྒྱུན་དུ་ན་བ་དང་ཆང་འཐུང་བ་འགྲོ་འདུག་བྱས་ཚེ་ན་ཚ་སྡུག་ཏུ་འགྲོ་བ་དང་ཆུ་ཁ་ཚ་བ་སོགས་ཀྱི་ནད་རྟགས་ཡོད་ན་མཁལ་ཚད་ཡིན་པས་སྨན་དཔྱད་ཀྱང་བསིལ་བཅོས་གཙོ་བོར་འཛིན་དགོས་པ་དང་།དྲག་ལས་དང་ཤུགས་ལས་ཀྱིས་མཁལ་རྩ་འཆུས་བའམ་གས་པ་ལ་མཁལ་འགྲམས་ཞེས་བཤད་ལ་དེ་ལའང་གསུམ་སྟེ་མཁལ་འགྲམས་སྟོད་བྱེར་དང་བར་དུ་རྒྱས་པ་དང་། སྨད་ལྷུང་གསུམ་ཡོད་ལ་སྟོད་ལ་བྱེར་ན་སྐེ་ཡི་ལྟག་པའི་ཆུ་ལེབ་ཀྱི་འགྲམ་གཉིས་ན་བ་དང་སྐེ་སྒྱུར་མི་ཤེས་པར་སྒུར་བོ་འགྲོ་བ་ཡིན་ལ་བར་དུ་རྒྱས་ན་མཁལ་རྐེད་འཁོར་ཞིང་ན་བ་དང་དཔྱི་སྟེང་འབྲེལ་མཚམས་ཀྱི་རྩ་ནག་སྦོ་ཞིང་གཟེར་བ་དང་གློ་ལུ་དང་སྦྲིད་པ་བྱུང་ཚེ་བཟོད་ཐབས་མེད་པའི་ན་ཚ་ལངས་པ་དང་ཚིགས་པ་ཁ་བྱེ་སྙམ་ལྟ་བུའི་ཚོར་སྣང་འབྱུང་ཞིང་རྐེད་པ་ཀྱོག་པོར་ཚུལ་དུ་འགྲོ་བ་ཡིན་ལ། སྨད་དུ་ལྷུང་ན་རྐང་བ་བཤལ་ཞིང་སྦྲིད་པ་དང་བརླ་སུལ་དང་པུས་མོའི་ཚིགས་མཚམས་ན་བ་ཡིན། དེ་བཞིན་དུ་རྐེད་པ་མན་ཆད་ཐམས་ཅད་ན་བ་དང་གློ་ལུ་དང་སྦྲིད་པ་བྱུང་ཚེ་ན་ཟུགས་དཔྱི་མིག་ལ་ཟུག་ཅིང་སྒལ་རེངས་པ་དང་སྐེ་འཇིང་སྒྱུར་བ་དཀའ་བ་དང་ནམ་སྟོད་ལ་ན་ཆེ་ཞིང་ནམ་སྨད་ལ་བདེ་བ་སོགས་ཀྱི་རྟགས་འབྱུང་བ་ཡིན་ན་མཁལ་གྲུམ་ཡིན་པས་གྲུམ་བཅོས་དང་མཁལ་བཅོས་གཉིས་ཀར་གཙུགས་སུ་འཛིན་རྒྱུ་དང་མཁལ་ནད་ཀྱི་རྟགས་ཡོད་པ་གང་ཞིག་གི་སྟེང་དུ་ཁ་གདོང་མིག་ལྕི་དང་རྐང་བོལ་སོགས་སྐྲངས་ན་མཁལ་ནད་ཆུ་ཤོར་ཡིན་པས་སྨན་དཔྱད་ཀྱང་ཆུ་བཅོས་དང་མཁལ་བཅོས་གཉིས་ཀར་གཙོ་བོར་འཛིན་དགོས་པ་དང་རྒྱབ་ཀྱི་ཚིགས་པ་བཅུ་བཞིའི་བར་ལ་རུས་ལྷག་སྐྱེས་ནས་ཚིགས་པ་ཕྱིར་དོན་ཞིང་ལུས་སྒུར་བོ་འགྲོ་བ་སོགས་ཀྱི་རྟགས་ཡོད་ན་མཁལ་མ་ད་རྒན་ཡིན་པས་སྨན་བཅོས་ཀྱང་མེ་དེལ་སོགས་རྩུབ་དཔྱད་ཀྱི་གཙོ་བོར་འཛིན་དགོས་ལ་མདོར་ན་མཁལ་ནད་ཚ་གྲང་དང་གསར་རྙིང་ལ་སོགས་པ་གཞིགས་ནས་མེ་གཏར་སྨན་ལ་སོགས་པ་གང་མཁོ་རིག་པས་དཔྱད་ནས་ཕན་ཚུན་མ་ནོར་བར་བྱ་རྒྱུ་དེ་ཧ་ཅང་གལ་ཆེ་བའོ།།
5. རྒྱུན་སྤྱོད་བོད་སྨན་གྱི་བཅོས་ཐབས་བཤད་པ།
  མཁལ་ནད་ཀྱི་རྒྱུན་སྤྱོད་བོད་ལ་སྨན་སེ་འབྲུ་ཉི་དཀྱིལ་དང་ལྷ་ལུང་། སུག་སྨེལ་བཅུ་བ། ཨ་རུ་བཅོ་བརྒྱད། ཨ་རུ་བཅུ་བ། པད་རག་ལ་སོགས་པའི་ཧ་ཅང་མང་པོ་ཡོད་ལ་དེ་མིན་མཁལ་ནད་ཀྱི་མེ་གསང་རྒྱབ་ཀྱི་ཚིགས་པ་བཅུ་བཞི་དང་གཏར་རྩ་ལ་བྱིན་གཞུག་དང་ལོང་རྩ་དང་སྟོད་བྱེར་ལ་ལྟག་རལ་སོགས་ཡོད་ལ་མཁལ་གྲུམ་ལ་ཆུ་སེར་སྨན་གསུམ་ཁ་སྣོན་བྱེད་པའམ་ཡང་སེང་ལྡང་ཉེར་ལྔ་དང་མགྲིན་ཚལ་ཉེར་ལྔ་ལ་སོགས་པའི་རྒྱུན་སྤྱོད་སྨན་འབྲེལ་ཡོད་ཀྱི་སྨན་རྫས་གང་མཁོ་རིག་པས་འཕྲུལ་དགོས་ལ། གཉེན་ཁ་ལྡན་ཚེ་ཁྱུང་ལྔ་ཁ་ཚར་རྒྱག་པ་དང་མཁལ་རླུང་ལ་དེ་དག་གང་རུང་ཞིག་སྟེང་དུ་རླུང་སྨན་ཁ་སྣོན་བྱེད་པ་དང་མཁལ་ཚད་ལ་ཨ་རུ་བཅུ་བ་དང་ག་བུར་ཉེར་ལྔ་བསྟེན་རྒྱུ་དང་ཆུ་ཤོར་ལ་ཚ་གྲང་གི་དབྱེ་བ་གསལ་བོར་བརྟག་མཐར་གྲང་ཆུ་ལ་དེ་དག་གི་སྟེང་དུ་སེ་འབྲུ་ཉི་དགའ་དང་ཚ་ཆུ་ཡིན་ན་དེ་དག་གང་རུང་གི་སྟེང་ལ་འབོལ་སྨན་བདུན་པ་ལ་སོགས་པའི་ཆུ་སྨན་རིགས་ཀྱང་བསྟེན་པར་བྱའོ།། གཞན་ཡང་མཁལ་ཚད་དང་མཁལ་འགྲམས་ལ་གཏར་དང་མཁལ་རླུང་དང་མཁལ་གྲང་ལ་མེ་ལ་སོགས་པའི་དཔྱད་བཅོས་ཀྱི་རིགས་གང་མཁོ་གཞུང་ལུགས་དང་བསྟུན་ནས་གང་ལ་གང་འཚམས་ཀྱིས་བཅོས་བར་བྱའོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1