སྤྱི་ཟླ་1པའི་ཚེས་15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧེ་ནས་ཡོ་རོབ་གླིང་བསྐྱར་དར་གསར་སྤེལ་དངུལ་ཁང་གི་འགན་འཛིན་པ་ཁྲ་ཁེ་ལཱ་པ་ཏིས་དང་མཇལ་འཕྲད་གནང་།
ལི་ཁེ་ཆང་གིས་ཁྱེད་ཀྱིས་ཐེངས་འདིར་ཀྲུང་གོར་འཚམས་འདྲི་ཕེབས་པ་ལས་ཀྲུང་གོ་ཡོ་རོབ་གླིང་བསྐྱར་དར་གསར་སྤེལ་དངུལ་ཁང་ལ་དངོས་སུ་ཞུགས་ཏེ་ཕྱོགས་གཉིས་ཀྱི་མཉམ་འབྲེལ་ལ་ལེའུ་གསར་པ་ཞིག་བྲིས་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་བསྐྱར་དར་གསར་སྤེལ་དངུལ་ཁང་དང་མཉམ་དུ་དངུལ་བསྡུ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་སོགས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་དང་ཧུར་ཐག་སྒོས་ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་གིས་གཉིས་ཕན་མཉམ་འབྲེལ་ལ་རྒྱབ་སྐྱོར་བྱེད་འདོད་ཅེས་བསྟན།
ལི་ཁེ་ཆང་གིས་ཀྲུང་གོའི་སྲིད་གཞུང་གི་བློ་བརྟན་འགྱུར་མེད་སྒོས་དངུལ་རྩ་བཅོས་སྒྱུར་དང་བཅོས་སྒྱུར་གྱིས་གོང་འཕེལ་ལ་སྐུལ་འདེད་དང་ཚོང་རས་དངུལ་རྩའི་ཐོན་ཁུངས་སྒྲིག་བཀོད་ཁྲོད་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པར་རྒྱུན་འཁྱོངས་བྱ་ངེས། འདས་པའི་ལོ་གཅིག་གི་ནང་ཀྲུང་གོའི་ཁེ་ཚད་ཚོང་ར་ཅན་སོགས་ཀྱི་བཅོས་སྒྱུར་ལ་གྲུབ་འབྲས་ཆེན་པོ་བླངས། ང་ཚོས་མུ་མཐུད་དུ་དངུལ་རྩ་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་སྟེ་དེང་རབས་དངུལ་རྩ་ཚོང་རའི་འཕེལ་རྒྱས་དང་འཚམས་པའི་དངུལ་རྩའི་ལྟ་སྐུལ་སྒྲོམ་གཞིའི་འཛུགས་སྐྲུན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁར་སྔོན་འགོག་བྱ་ངེས་ཞེས་བསྟན།
ཁྲ་ཁེ་ལཱ་པ་ཏིས་ཡིས་འདས་པའི་ལོ་ངོ་30ལྷག་གི་རིང་ལ་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་བླངས་ཤིང་རྒྱལ་སྤྱིའི་མཉམ་འབྲེལ་འཕེལ་རྒྱས་ལའང་ཕན་ནུས་གལ་ཆེན་ཐོན། ཡོ་རོབ་གླིང་བསྐྱར་དར་གསར་སྤེལ་དངུལ་ཁང་གིས་ཀྲུང་གོ་སྲིད་གཞུང་གིས་དཔལ་འབྱོར་སྲིད་ཇུས་ཚོད་འཛིན་བྱེད་པར་ཡིད་ཆེས་བྱེད་བཞིན་ཡོད་པར་མ་ཟད། ཀྲུང་གོ་དངོས་སུ་ཞུགས་པ་དེ་གོ་སྐབས་སུ་བཟུང་སྟེ་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་དང་ཧུར་ཐག་སྒོས་ཡོ་རོབ་གླིང་དང་ཀྲུང་གོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་དང་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་གྲོས་གཞི་གཏིང་ཟབ་ཏུ་སྤེལ་བ། ཀྲུང་གོ་སྲིད་གཞུང་དང་ཁེ་ལས་བར་གྱི་འབྲེལ་བར་ཤུགས་སྣོན་བྱེད་པ། དེ་མིན་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་དངུལ་འཇོག་དངུལ་ཁང་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་དངུལ་རྩའི་སྡེ་ཁག་དང་སྟེགས་བུའི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་སྟོབས་ཤུགས་ལྡན་པའི་མཉམ་ལས་འབྲེལ་བ་འཛུགས་སྐྲུན་འདོད་ཅེས་བསྟན།།