མཛོད་དགེ་རྫོང་གི་བཏུང་ཆུའི་བདེ་འཇགས་ལས་གཞིས་འབྲོག་པ་མང་ཚོགས་ལ་སྟབས་བདེ་བསྐྲུན།

བསོད་ནམས་སྐྱིད་ཀྱིས་བྲིས། རྩོམ་སྒྲིག་པ།བསོད་ནམས་སྐྱིད།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-18


  ལག་གཡས་བརྐྱངས་ཏེ་རང་འབབ་ཆུ་ཡི་ཆུ་སྒོ་ཕྱེ་སྐབས། དྭངས་ཤིང་གཙང་བའི་ཆུ་རྒྱུན་ཕྲ་མོ་ཤག་ཤག་ཏུ་སར་བཞུར་བྱུང་། མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་སོག་ཚང་སྡེ་བའི་བཏུང་ཆུའི་བདེ་འཇགས་ལས་གཞིའི་གནས་གཞི་རུ་ད་ལོར་འཕྲུལ་ཆས་ཀྱིས་གསར་དུ་བརྐོས་པའི་ཆུ་དོང་གིས་ནུས་པ་ཆེན་པོ་ཐོན། སྤྱིའི་མ་དངུལ་གཏོང་གྲངས་སྒོར་ཁྲི་82.64ཡི་ཆུ་དོང་གིས་སྡེ་མི་304ཡི་བཏུང་ཆུའི་དཀའ་ངལ་སེལ།
  ཞིང་གྲོང་གི་བཏུང་ཆུའི་བདེ་འཇགས་ལས་གཞི་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་གྲོང་གསར་པ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། ད་ལོར། མཛོད་དགེ་རྫོང་གིས་བོད་ཁུལ་གྱི་འཆར་འགོད་ལག་བསྟར་བྱས་པ་མ་ཟད། རྣམ་གྲངས་གསར་བ་ཁ་སྣོན་བྱས་ཏེ་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་ཚོ་17དང་། རྩྭ་ས་1དང་། སྲིད་འཛིན་སྡེ་བ་96དང་། དགོན་པ་15སོགས་ཀྱི་མི་གྲངས་36180ཡི་བཏུང་ཆུའི་གནད་དོན་ཐག་བཅད་ཅིང་། ནུས་ཤུགས་ཡོད་རྒུས་འཆར་འགོད་ནང་གི་བཏུང་ཆུའི་བདེ་འཇགས་ལས་གཞི་ལག་བསྟར་བྱས་ནས། ཆུ་དོང་རིགས་48དང་ཁྲོན་པ་2དང་། ཆུ་སྦུག་སྟོང་སྨི་69.3དང་ས་ཐག་རིང་བའི་འབྲོག་ཁུལ་དུ་ཁྲོན་པ་550གསར་དུ་བཟོས།
  སྡེ་མི་སྐལ་བཟང་སྐྱབས་ཀྱིས་གསར་འགོད་པར་བཤད་རྒྱུར། སྔོན་ཆད། འདི་ལྟར་སྟབས་བདེ་བློ་བདེའི་ངང་ཆུ་འཐུང་མི་ཐུབ་ཟེར། རྫོང་འདི་གའི་རོང་འབྲོག་ཁུལ་གྱི་མི་ཕྱུགས་ཀྱི་ཆུ་གཙང་མ་འཐུང་དཀའ་བའི་གནད་དོན་ཅུང་ཚབས་ཆེན་ཡིན་ལ། ཕན་ཡོད་སྒོས་གནད་དོན་འདི་ཐག་གཅད་བྱ་ཆེད། རྫོང་འདིས་འགན་ལེན་མ་དངུལ་དུས་ལྟར་འབྱོར་རྒྱུ་ཁག་ཐེག་དང་ལུགས་མཐུན་གྱི་རྣམ་པ་སོགས་གཏན་ཁེལ་བྱས་ལ། ཆུ་འཕེན་ས་ཚིགས་དང་འཕྲུལ་རྐོས་ཆུ་དོང་། ཁྲོན་པ་སོགས་འཛུགས་སྐྲུན་གྱི་བྱ་ཐབས་བཀོལ་ཏེ་ནུས་ལྡན་ངང་བཏུང་ཆུའི་བདེ་འཇགས་ལས་གཞིར་སྐུལ་འདེད་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་བཏུང་ཆུའི་བདེ་འཇགས་ལ་ཁག་ཐེག་བྱས་ཏེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་བདེ་འཇགས་ཆུ་དང་བློ་བདེའི་ཆུ་འཐུང་ཐུབ་ཏུ་བཅུག
  བཏུང་ཆུའི་ལས་གཞི་ལག་བསྟར་བྱ་བས་སྔོན་དུས་རོང་འབྲོག་ཁུལ་གྱི་ཆུ་འཐུང་དཀའ་བ་དང་བཏུང་ཆུ་མི་གཙང་བའི་གནས་ཚུལ་ལེགས་སྒྱུར་བྱས་ལ། གྲོང་གསེབ་ཀྱི་བཏུང་ཆུའི་བདེ་འཇགས་གནད་དོན་ཐག་བཅད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཡང་ཇེ་མགྱོགས་སུ་བཏང་།
  སྐུ་ཞབས་ཀྲང་ཧྭ་ཡིས་སྔོན་དུས་གཟའ་རུ་ཡུལ་ཚོ་ལྟེ་གནས་སློབ་གྲྭ་ནས་ལས་སྒྲུབ་བྱེད་སྐབས་ཀྱི་སྣང་ཚུལ་ཕྱིར་དྲན་བྱས། བདེ་འཇགས་བཏུང་ཆུ་ལག་བསྟར་མ་བྱས་སྔོན། སློབ་གྲྭའི་སྤྱོད་དགོས་པའི་ཆུ་ཚང་མ་ཆུ་འགྲམ་ལ་ལེན་དུ་འགྲོ་དགོས་ཤིང་། ཐེངས་ཤིག་ལ་སློབ་ཆུང་སློབ་མ་ཞིག་སྟབས་མ་ལེགས་པར་འཁྱགས་རོམ་ཁྲོད་དུ་ལྷུང་། ཁོ་བོའི་དགེ་རྒན་གྱི་ལེ་བདའ་བྱ་རྒྱུ་རེད་བསམ་ནས་གྲང་ཚད་གོར་ཐིག་མན་གྱི་ཏུའུ་བཅུ་ཡི་གྲང་ངར་ལ་མ་འཛེམ་པར་གྲང་འདར་བྱེད་ཞོར་ཕྱིར་ཡུལ་ལ་བྲོས། 2013ལོ་ནས་བདེ་འཇགས་བཏུང་ཆུའི་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། བདེ་འཇགས་འཕྲོད་བསྟེན་གྱི་བཏུང་ཆུའི་སྦུ་གུ་ཐད་ཀར་ཟ་ཁང་དང་ཉལ་ཁང་། སྤྱོད་ཁང་ནང་ལ་འཐེན་ཞིང་། དེང་སྐབས་དགེ་སློབ་སུམ་བརྒྱ་ལྷག་གིས་བཏུང་ཆུའི་བདེ་འཇགས་ཀྱི་གནད་དོན་ལ་སེམས་ཁུར་ཅིའང་བྱ་མི་དགོས།
  རྫོང་ཞིང་ཕྱུགས་ལས་ཅུས་དང་ཆུ་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་བང་ལིན་པའོ་ཡིས་གསར་འགོད་པར་བཤད་རྒྱུར། ས་ཐག་རིང་བའི་འབྲོག་ཁུལ་དུ་ཁྲོན་པ་མ་བརྐོས་གོང་།  ཐེངས་གང་མང་ཞིག་ལ་མི་ཕྱུགས་གཉིས་ཀྱིས་བཏུང་ཆུ་མཉམ་འཐུང་བྱེད་བཞིན་ཡོད། དེང་སྐབས། ཁྲོན་པ་དང་འཕྲུལ་བརྐོས་ཆུ་དོང་རྐོ་བའི་བྱ་ཐབས་བརྒྱུད་དེ་མིའི་བཏུང་ཆུ་ས་འོག་གི་སྨི་80ཡི་འཕྲུལ་རྐོས་དོང་ཆུ་ལས་ལེན་བཞིན་ཡོད་པ་དང་། ཕྱུགས་ཟོག་གི་བཏུང་ཆུ་ས་འོག་གི་སྨི་20ཡི་ཁྲོན་པའི་ཆུ་བཀོལ་བཞིན་ཡོད་པས་མི་ཕྱུགས་ཀྱི་བཏུང་ཆུའི་གནད་དོན་ལ་འགན་སྲུང་བྱེད་ཐུབ་པ་བྱུང་།
  གྲོང་གསེབ་ཀྱི་བཏུང་ཆུའི་བདེ་འཇགས་ལས་གཞི་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་གནད་དོན་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ནུས་ཤུགས་ཆེན་པོས་དབུལ་སྐྱོར་ལག་བསྟར་བྱ་བར་སྐུལ་འདེད་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་གྲོང་གསེབ་ཀྱི་བཏུང་ཆུའི་བདེ་འཇགས་ལས་གཞིས་འབྲོག་དམངས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་པའི་ཞོར་དུ་ཏང་དང་སྲིད་གཞུང་གི་ཤུགས་ཁུར་མང་ཚོགས་ཀྱི་ནང་སེམས་སུ་བསྐྱལ།།
        


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1