ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་སྲིད་བློན་ཆེན་ཁེ་ལི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28


  སྤྱི་ཟླ་1པའི་ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་རིའི་རྒྱལ་སྲིད་བློན་ཆེན་ཁེ་ལི་དང་མཇལ་འཕྲད་གནང་།
  ཞི་ཅིན་ཕིང་གིས་འདས་པའི་ལོ་གཅིག་གི་ནང་ཕྱོགས་གཉིས་ཀྱིས་འབད་བརྩོན་བྱས་ཐོག་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ལ་འཕེལ་རྒྱས་ཆེན་པོ་ཕྱིན། སྲིད་འཛིན་ཨོ་པཱ་མས་གདན་ཞུ་ལྟར་ངས་རྒྱལ་ཁའི་ངང་ཨ་རིར་རྒྱལ་དོན་འཚམས་འདྲི་ཞུས་ཤིང་ཕྱོགས་གཉིས་ཀྱི་གོམ་གང་མདུན་སྤོས་སྒོས་ཀྲུང་གོ་དང་ཨ་རིའི་རྣམ་པ་གསར་པའི་རྒྱལ་ཁབ་ཆེན་མོའི་འབྲེལ་བའི་ཐད་ལ་ཐུན་མོང་གི་ངོས་འཛིན་བྱུང་། སྤྱིའི་ཕྱོགས་ནས་བཟོ་ཚོང་དང་དམག་དཔུང་། མི་ཆོས། དྲ་ལམ་བདེ་འཇགས་སོགས་ཀྱི་ཁྱབ་ཁོངས་དང་དེ་མིན་གནམ་གཤིས་འགྱུར་ལྡོག་དང་ཨི་རིན་གྱི་ཉིང་རྡུལ་སོགས་རྒྱལ་སྤྱི་དང་འཛམ་གླིང་རང་བཞིན་གྱི་གནད་དོན་ཐད་ཀྲུང་གོ་དང་ཨ་རིའི་སྙོམས་སྒྲིག་དང་མཉམ་འབྲེལ་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་ཅེས་བསྟན།
  ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་བ་དེ་ཀྲུང་གོ་དང་ཨ་རི་གཉིས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རེ་སྒུག་བྱེད་བཞིན་ཡོད་པས་ཕྱོགས་གཉིས་ཀྱིས་མཉམ་དུ་སྲུང་སྐྱོབ་བྱ་དགོས། ངས་མུ་མཐུད་དུ་སྲིད་འཛིན་ཨོ་པཱ་མ་དང་མཉམ་དུ་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ལ་འབྲེལ་འདྲིས་དམ་པོ་བྱེད་འདོད་ཡོད་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་གྲོས་ཐག་བཅད་པའི་མཉམ་ལས་གྲོས་རིམ་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། རྒྱལ་སྤྱི་དང་ས་གནས། དེ་མིན་འཛམ་གླིང་རང་བཞིན་གྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱས་ཏེ་གནད་དོན་སྔར་ལས་མང་པོ་འོས་འཚམ་སྒོས་ཐག་གཅོད་པར་སྐུལ་འདེད་གཏང་དགོས་ཞེས་བསྟན།
  ཁེ་ལི་ཡིས་ཕྱོགས་གཉིས་ཀྱི་ཕན་ནུས་ལྡན་པའི་མཐུན་སྦྱོར་བརྒྱུད་《ཕེ་རིས་གྲོས་ཆོད།》དང་ཨི་རིན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་ཆོད་སོགས་ལ་ཐུན་མོང་གི་ངོས་འཛིན་བྱུང་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། སྲིད་འཛིན་ཨོ་པཱ་མས་སྐུ་ཞབས་ཁྱེད་དང་མཉམ་དུ་འབྲིས་འདྲིས་དམ་ཟབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་གོམ་གང་མདུན་སྤོས་སྒོས་ཨ་རི་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གཏང་བ་དང་ཕྱོགས་གཉིས་ཀྱི་རྒྱལ་སྤྱིའི་ལས་ཀའི་ཁྲོད་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱེད་པར་རེ་སྒུག་བྱས་ཡོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1