ཞི་ཅིན་ཕིང་གིས་ཝེད་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གི་ཆེད་མངག་སྐུ་ཚབ། ཀྲུང་དབྱང་ཕྱི་ཕྱོགས་པུའུ་ཡི་པུའུ་ཀྲང་ཧོང་ཕིན་ཅུན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-01


  སྤྱི་ཟླ་2པའི་ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝེད་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གི་ཆེད་མངག་སྐུ་ཚབ། ཀྲུང་དབྱང་ཕྱི་ཕྱོགས་པུའུ་ཡི་པུའུ་ཀྲང་ཧོང་ཕིན་ཅུན་དང་མཇལ་འཕྲད་གནང་།
  ཧོང་ཕེན་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་བསྐུར་བའི་ངག་འཕྲིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བརྒྱུད་སྒྲོག་བྱས། རོན་ཧྥུའུ་ཀྲུང་གིས་ངག་འཕྲིན་ནང་ཝེད་ནམ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་ཡུན་རིང་གི་མཛའ་འབྲེལ་སྲོལ་རྒྱུན་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་དང་གུང་ཁྲན་ཏང་གིས་སྣེ་ཁྲིད་བྱེད་བཞིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས་རྩ་བའི་ཁེ་ཕན་མང་པོ་ཡོད།  བཏན་འཇགས་དང་གཉིས་ཕན་མཉམ་འབྲེལ་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏང་རྒྱུ་དེ་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་པར་མ་ཟད། དོན་དངོས་དང་མཐུན་པའི་དགོས་མཁོ་ཡང་ཡིན་པས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཏང་གཉིས་ཀྱི་འབྲེལ་བས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་འདོན་བཞིན་འདུག ང་ཚོས་ཀྲུང་གོ་ཕྱོགས་ཀྱི་བློ་མཐུན་ཚོ་དང་མཉམ་དུ་ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་ལེགས་པོ་བྱེད་པ་དང་། མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་གཏིང་ཟབ་ཏུ་གཏང་བ། མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྡེ་ཁག་སོ་སོ་དང་ས་གནས། དམངས་ཁྲོད་བཅས་ཀྱི་བརྗེ་རེས་མཉམ་འབྲེལ་རྒྱ་བསྐྱེད། མཚོ་ཐོག་གི་ཞི་བདེ་གཏན་བརླིང་ལ་འགན་སྲུང་བྱེད་པ། ཝེད་ནམ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་འབྲེལ་བ་ཡུན་རིང་ལ་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་རང་ས་གནས་དང་འཛམ་གླིང་གི་ཞི་བདེ་བརྟན་བརླིང་། དེ་མིན་དར་རྒྱས་བཅས་ལ་བྱས་རྗེས་འཇོག་བའི་རེ་བ་ཡོད་ཅེས་བསྟན།
  ཞི་ཅིན་ཕིང་གིས་རོན་ཧྥུའུ་ཀྲུང་གིས་ངག་འཕྲིན་བསྐུར་བར་བཀའ་དྲིན་ཞུས་ཤིང་ཀྲུང་གོ་དང་ཝེད་ནམ་རྒྱལ་ཁབ་ཀྱི་ཏང་གཉིས་ཀྱིས་ཕན་ཚུན་ལ་སྐུ་ཚབ་མངགས་ཏེ་ཏང་དང་རྒྱལ་ཁབ་ནང་ཁུལ་གྱི་གལ་ཆེའི་གནས་ཚུལ་ཕན་ཚུན་ལ་བརྒྱུད་སྒྲོག་དང་རྟེན་འབྲེལ་བྱས་པ་ནི་ཏང་གཉིས་ཀྱི་གལ་ཆེ་བའི་སྲོལ་རྒྱུན་ཞིག་རེད། ཐེངས་འདིའི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་འཚོགས་ནས་བཟུང་ང་ཚོའི་ཏང་གཉིས་ཀྱི་སྲོལ་རྒྱུན་མཛའ་འབྲེལ་འདི་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་ཞིང་འདིས་ཏང་དང་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏང་བར་དོན་སྙིང་གལ་ཆེན་ལྡན་པ་རེད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1