སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བ་པེ་ཅིང་དུ་ཚོགས་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-07


 

ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཡུས་ཀྲེན་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཀྲུའུ་ཞིའི་སྟེགས་བུ་སྟེང་བཞུགས་འདུག་པ། 

ལི་ཁེ་ཆང་གིས་སྲིད་གཞུང་ལས་ཀའི་སྙན་ཞུ་འབུལ་བཞིན་པ། 

  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཟླ་3པའི་ཚེས་5ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་ཚོགས་འགོ་ཚུགས། 

  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་དགོས་བའི་འཐུས་མི་2943ཡོད་པ་དང་། མི་53་གྲོས་ཚོགས་ལ་མ་ཞུགས་མ་ཐུབ་པས་མཐར་ཁྱོན་བསྡོམས་འཐུས་མི་2890གྲོས་ཚོགས་ལ་ཞུགས་ཡོད། གྲོས་ཞུགས་མི་གྲངས་དེ་ཁྲིམས་བཀོད་མི་གྲངས་དང་མཐུན།
  སྔ་དྲོའི་དུས་ཚོད་དགུའི་སྟེང་། ཀྲང་ཏི་ཅང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བ་ཚོགས་འགོ་ཚུགས་པར་ཁྱབ་བསྒྲགས་བྱས་ཤིང་ཚོགས་ཞུགས་མི་སྣ་ཡོངས་ཡར་ལངས་ཏེ་རྒྱལ་གླུ་བླངས།
  གྲོས་ཚོགས་ཀྱི་གྲོས་རིམ་ལྟར་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་སྲིད་གཞུང་ལས་ཀའི་སྙན་ཞུ་ཕུལ། སྙན་ཞུའི་ནང་དོན་ལ་2015ལོའི་ལས་ཀའི་སྤྱི་བསྡོམས་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་དམིགས་འབེན་གྱི་ལས་འགན་གཙོ་བོ་དང་ཐབས་ཇུས་གལ་ཆེན། 2016ལོའི་ལས་ཀ་གཙོ་བོ་བཅས་ཁག་གསུམ་འདུ།
  ལི་ཁེ་ཆང་གིས་འདས་པའི་ལོ་གཅིག་ནང་རང་རྒྱལ་གྱི་འཕེལ་རྒྱས་ཐད་དཀའ་ཁག་མང་པོ་དང་འགྲན་རྩོད་ཆེན་པོར་འཕྲད་ཡོད། བློ་མཐུན་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཆེས་བརྟན་པོ་དང་སྤོབས་པ་ཆེན་པོས་དཀའ་ངལ་ཁྱད་གསད་དང་གསར་གཏོད་མདུན་བསྐྱོད་བྱས་པས། དཔལ་འབྱོར་སྤྱི་ཚོགས་གཏན་འཇགས་ཁྲོད་འཕེལ་རྒྱས་སུ་བཏང་བ་དང་གཏན་འཇགས་ཁྲོད་ནས་གྲུབ་འབྲས་བླངས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་གྱི་ལས་འགན་གཙོ་བོ་ཡོངས་འགྲུབ་བྱུང་ཞིང་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་ལ་གྲུབ་འབྲས་གསར་པ་བླངས། གཏན་འཇགས་འཕར་སྣོན་དང་སྒྲིག་གཞི་ལེགས་སྒྲིག ཉེན་ཁ་འགོག་རྒོལ་གྱི་ཐད་སྟོབས་ཤུགས་བཏོན་ཏེ་སྤྱི་སྣང་སྙོམ་སྒྲིག་བྱེད་སྟངས་ལ་གསར་གཏོད་བྱེད་པ། ཚོང་རའི་གསོན་ཤུགས་ཆེར་བསྐྱེད་པར་དམིགས་ནས། བཅོས་བསྒྱུར་སྒོ་འབྱེད་བྱེད་ཤུགས་ཇེ་ཆེར་བཏང་བ། རྒྱུ་སྤུས་དང་ཕན་ཕྱོད་མཐོར་འདེགས་གཏང་བར་དམིགས་ཏེ་ཐོན་ལས་གསར་གཏོད་ཀྱི་རིམ་འཕར་ལ་སྐུལ་འདེད་བཏང་བ། འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་པར་དམིགས་ཏེ་ཁུལ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་རྣམ་པ་གསར་པའི་གྲོང་གསེབ་ཅན་ལ་སྐུལ་འདེད་བཏང་བ། དམངས་འཚོ་ལེགས་བཅོས་དམ་འཛིན་བྱས་ཏེ་སྤྱི་ཚོགས་ལས་དོན་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏང་བ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད་གཏང་སྟེ་ཁྲིམས་ལྟར་སྲིད་སྐྱོང་བ་དང་བཅོས་སྐྱོང་བྱེད་སྟངས་ལ་གསར་དུ་གཏོད་པ་སོགས་ཀྱི་ཐད་ནས་ལོ་གཅིག་གི་ལས་ཀར་སྤྱི་བསྡོམས་མཛད། 
  ལི་ཁེ་ཆང་གིས་ན་ནིང་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པའི་དུས་མཚུངས་སུ་ང་ཚོས་ཀྱང་རང་རྒྱལ་གྱི་འཕེལ་རྒྱས་ཁྲོད་དུ་ད་དུང་དཀའ་ཁག་དང་གནད་དོན་མི་ཉུང་བ་གནས་པ་མཐོང་ཐུབ། གོམ་གང་མདུན་སྤོས་སྒོས་ཉེན་ཁའི་འདུ་ཤེས་དང་འགན་ཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་གཏང་བ་དང་། སྟོབས་ཤུགས་ཆེན་པོས་གནད་དོན་དེ་དག་ཐག་གཅོད་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་དམངས་ཀྱི་རེ་འདོད་སྲིད་འཛིན་པའི་ཁ་ཕྱོགས་སུ་བྱེད་པ། བློ་སེམས་གཅིག་བསྒྲིལ་གྱིས་སྲིད་གཞུང་ལས་ཀ་ལེགས་པོར་བསྒྲུབས་ཏེ་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་ཁོ་ཐག་ཡིན་ཞེས་བསྟན།
  ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་རྗེས། ལི་ཁེ་ཆང་གིས་《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི།》ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་འཆར་ཟིན།》སྒྲིག་བཟོ་བྱས་ཏེ་ཚོགས་ཆེན་ལ་ཞིབ་བཤེར་བྱེད་པར་སྤྲད་ཡོད། 《རྩ་གནད་འཆར་ཟིན།》གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་གཞི་བཟུང་སྟེ་འཕེལ་རྒྱས་དོ་མི་མཉམ་པ་དང་མཐུན་སྦྱོར་མིན་པ། རྒྱུན་མཐུད་མིན་པ་སོགས་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ནས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཅངས་པ་དང་ལག་བསྟར་དངོས་འབེབས་བྱེད་རྒྱུ་ནན་གྱིས་བསྟན་ཡོད་པ་དང་། རྗེས་ཕྱོགས་ཀྱི་ལོ་ལྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་གསལ་བོར་བསྟན་ཡོད། འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གལ་ཆེན་དང་བཟོ་སྐྲུན་གལ་ཆེན། ལས་གཞི་གལ་ཆེན་རབ་དང་རིམ་པ་བཏོན་ཡོད་པ་མ་ཟད། གཤམ་གྱི་ཕྱོགས་དྲུག་འབུར་དུ་ཐོན་པར་བྱས་ཡོད་དེ། གཅིག དཔལ་འབྱོར་མཐོ་འབྲིང་གི་འཕེལ་ཚད་རྒྱུན་འཁྱོངས་བྱས་ཏེ་ཐོན་ལས་མཐོ་འབྲིང་ཆུ་ཚད་ལ་འཕེལ་བར་སྐུལ་འདེད་གཏང་དགོས། གཉིས། གསར་གཏོད་སྣེ་ཁྲིད་ནུས་པ་ཇེ་མཐོར་གཏང་སྟེ་འཕེལ་རྒྱས་ལ་ཤུགས་སྣོན་བྱ་དགོས། གསུམ། རྣམ་པ་གསར་པའི་མཁར་གྲོང་ཅན་དང་ཞིང་ལས་དེང་རབས་ཅན་སྐུལ་སྤེལ་བྱས་ཏེ། གྲོང་དང་གྲོང་ཁྱེར་གྱི་ཁུལ་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་པ། བཞི། ལྗང་མདོག་གི་ཐོན་སྐྱེད་འཚོ་བའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་བཏང་ནས། མགྱོགས་མྱུར་སྒོས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱ་དགོས། ལྔ། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ཏེ་འཕེལ་རྒྱས་ཀྱི་སྒྲིག་ལུགས་གསར་པ་བསྐྲུན་དགོས། དྲུག དམངས་འཚོའི་བདེ་སྐྱིད་བསྟུད་མར་མཐོར་འདེགས་སུ་གཏང་སྟེ་མི་དམངས་ཡོངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་བཅུག་དགོས་ཞེས་བསྟན།
  ལི་ཁེ་ཆང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་ཀ་བཟང་བོར་བསྒྲུབ་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱ་དགོས་ན་ངེས་པར་དུ་ལས་ཀ་གསུམ་དམ་འཛིན་བྱས་ཏེ་ལེགས་པོར་བསྒྲུབ་དགོས་ཏེ། གཅིག འཕེལ་རྒྱས་ནི་ལས་འགན་དང་བོ་ཡིན་པ་རྒྱུན་འཁྱོངས་བྱ་དགོས། གཉིས། སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཧུར་བརྩོན་གྱིས་སྤེལ་དགོས། གསུམ། གསར་རྙིང་གི་འཕེལ་རྒྱས་ནུས་ཤུགས་བསྟུད་མར་བསྒྱུར་འགོད་བྱ་དགོས་ཞེས་བསྟན། 
  ལི་ཁེ་ཆང་གིས་2016ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་6.5%ནས་7%འཕར་བར་བྱེད་རྒྱུ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་3%ཡས་མས་འཕར་བར་བྱེད་རྒྱུ། མཁར་གྲོང་དུ་གསར་དུ་ལས་ཞུགས་བྱེད་པའི་མི་ཁྲི་1000ཡན་ལ་སླེབས་དགོས། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆའི་4.5%དུ་ཚོད་འཛིན་བྱེད་པ། ནང་འདྲེན་དང་ཕྱིར་གཏོང་བརྟན་བརླིང་ངང་བཟང་ཕྱོགས་སུ་འཕེལ་བར་བྱེད་པ། རྒྱལ་སྤྱིའི་ཡོང་སྒོ་དང་འགྲོ་སོང་ཕལ་ཆེར་དོ་མཉམ་པར་ཡོང་བར་བྱེད་པ། སྡོད་དམངས་ཀྱི་ཡོང་སྒོ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་ཕལ་ཆེར་དོ་མཉམ་པར་བྱེད་པ། ལས་ཁུངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་3.4%ལྷག་མར་འབབ་ཏུ་འཇུག་པ། བཙོག་རྫས་གཙོ་བོ་ཕྱིར་གཏོང་ཚད་མུ་མཐུད་དུ་ཇེ་ཉུང་དུ་གཏོང་བ་བཅས་ཡིན་ཞེས་བསྟན། 
  ལི་ཁེ་ཆང་གིས་2016ལོར་གཙོ་བོ་ཕྱོགས་བརྒྱད་ཀྱི་ལས་ཀ་བཟང་བོར་བསྒྲུབ་དགོས་ཏེ། གཅིག སྤྱི་སྣང་དཔལ་འབྱོར་སྲིད་ཇུས་བརྟན་འཇགས་དང་འཐུས་ཚང་དུ་བཏང་ནས། དཔལ་འབྱོར་འཁོར་སྐྱོད་ཀྱི་འོས་མཐུན་བར་སྟོང་རྒྱུན་འཁྱོུངས་བྱ་དགོས། གཉིས། མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་ཤུགས་སྣོན་བྱས་ཏེ་སྒུལ་ཤུགས་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏང་དགོས།  རྒྱལ་ནང་གི་དགོས་མཁོའི་སྦས་ཤུགས་སྔོག་འདོན་བྱས་ཏེ། འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་ཆེན་པོ་གསར་སྤེལ་བྱ་དགོས། བཞི། དེང་རབས་ཞིང་ལས་མྱུར་དུ་འཕེལ་རྒྱས་སུ་བཏང་ནས། ཞིང་ལས་ཡོང་སྒོ་རྒྱུན་མཐུད་ངང་འཕར་བར་སྐུལ་འདེད་གཏང་དགོས། ལྔ། སྐོར་ཐེངས་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་འབྱེད་དེ་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱ་དགོས། དྲུག ཁོར་ཡུག་ལེགས་བཅོས་ལ་ཤུགས་སྣོན་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་ཐོལ་བརྒལ་གསར་པ་འབྱུང་བར་སྐུལ་འདེད་གཏང་དགོས། བདུན། དམངས་འཚོ་ལེགས་བཅོས་ལ་འགན་སྲུང་བྱས་ཏེ་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས། བརྒྱད། སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྲིད་འཛིན་ནུས་པ་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏང་དགོས་ཞེས་བསྟན། 
  ལི་ཁེ་ཆང་གིས་ད་དུང་མི་རིགས་དང་ཆོས་ལུགས། ཕྱི་སྡོད་རང་མི་བཅས་ཀྱི་ལས་དོན་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན། ཞང་ཀང་དང་ཨོ་མིན་གྱི་འཕེལ་རྒྱས། འགྲམ་ངོགས་གཉིས་ཀྱི་འབྲེལ་བ། རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ཀྱི་ཐད་ནས་ཞིབ་བརྗོད་གནང་།
  གྲོས་ཚོགས་ཀྱི་གྲོས་རིམ་ལྟར། ཚོགས་ཆེན་སྟེང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་འཆར་ཟིན་དང་། 2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ། 2015ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་2016ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་དང་2016ལོའི་རྒྱལ་ཡོངས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1