དུང་དཀར་བློ་བཟང་འཕྲིན་ལས་མཆོག
དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་ཕྱག་བྲིས།
དེ་ཡང་བོད་ཀྱི་མཁས་དབང་གྲགས་ཅན་དུང་དཀར་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་མཆོག་ནི་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ (1927)ལོར་དགེ་མཚན་གྱི་ལྟས་དུ་མ་དང་བཅས་བོད་ལྗོངས་ཀོང་པོ་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་ཁོངས་ཇོ་མོ་ཤང་དུ་ཡབ་ཚེ་དབང་དང་ཡུམ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། མཚན་ཟླ་བ་ཞེས་གསོལ། དེ་ནས་རིང་པོར་མ་ཐོགས་པར་ཁྱབ་བདག་རྡོ་རྗེ་འཆང་ཕ་བོང་ཁ་པ་བདེ་ཆེན་སྙིང་པོས་ཆོས་མིང་བློ་བཟང་སྐལ་ལྡན་འཕྲིན་ལས་རྒྱ་མཚོ་ཞེས་གནང་། ཤིང་ཁྱི་ (1934)ལོར་དགུང་གྲངས་ལྔ་ལ་ཕེབས་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་དུང་དཀར་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་མཛད་ཐོག་ལོ་ཤས་རིང་ཡབ་ཡུམ་གྱི་གཟིགས་སྐྱོང་འོག་སྦྱོར་ཀློག་དང་ཆོས་ལུགས་དཔེ་ཆ་ཉུང་ཤས་སློབ་གཉེར་མཛད། ཤིང་ཕག་ (1935)ལོར་འཁྲུངས་ཡུལ་གཞིས་དགོན་དུ་ཁྲི་སྟོན་མཛད་དེ་སེར་སྨད་ཀོང་པོ་ཁང་ཚན་གྱི་འདུལ་བ་འཛིན་པ་ངག་དབང་ཡོན་ཏན་ཀློག་གི་སློབ་དཔོན་ལ་བསྟེན་ནས་གཞུང་ཆེན་པོ་ལྔའི་རྩ་བ་དང་འགྲེལ་པ་ཤོག་གྲངས་ཉིས་བརྒྱ་ལྷག་ཙམ་དང་། དགོན་པའི་ཚོགས་འདོན་ཡོངས་རྫོགས་ཐུགས་འཛིན་མཛད། མེ་བྱི་ (1936)ལོར་ཀོང་པོ་ནས་ལྷ་སར་ཐོག་མར་ཕེབས་ཏེ་སེར་སྨད་གྲྭ་ཚང་དུ་སྒྲིགས་ལ་ཞུགས་ནས་ཡོངས་འཛིན་གོང་གསལ་དང་སེར་བྱེས་གཙང་པ་ཁང་ཚན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ངག་དབང་དགེ་འདུན་བསྟེན་ནས་ལོ་བཅུ་ལྷག་རིང་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་དཔྱིས་ཕྱིན་པ་མཛད་དེ་མེ་ཁྱི་ (1946)ལོར་ལྷ་ས་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞེས། དེ་མུར་རྒྱུད་ལ་ཞུགས་ཏེ་ལྕགས་སྟག་ (1950)ལོར་སྔགས་རམས་ཨང་གཉིས་པའི་མཚན་གནས་ཐོབ། ཤིང་རྟ་(1954)ལོར་ལྷ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དགེ་སྐོས་གནང་། དེ་ནས་ཤིང་ལུག་ (1955)ལོ་བར་བོད་ཀྱི་རིག་གནས་སློབ་གཉེར་མཛད་པ་དང་ཆབས་ཅིག་གོ་སྐབས་ནམ་བྱུང་ལ་གླིང་རིན་པོ་ཆེ་དང་། ཁྲི་བྱང་རིན་པོ་ཆེ། དགའ་ལྡན་ཁྲི་རིན་པོ་ཆེ་ལྷུན་འགྲུབ་བརྩོན་འགྲུས་སོགས་བླ་མ་བཅུ་ལྷག་ཙམ་བསྟེན་ནས་ཆོས་འབྲེལ་ཞུ་གནང་མཛད་པ་དང་། མཁས་དབང་ཚ་སྤྲུལ་རིན་པོ་ཆེའི་སྐུ་མདུན་ནས་སུམ་རྟགས་དང་། སྙན་ངག་ཆ་ཚང་གི་སློབ་ཁྲིད་དང་། མཁས་དབང་སྙེ་མོ་ཡེ་ཤེས་ཆོས་འབྲེལ་གྱི་སྐུ་མདུན་ནས་སྐར་རྩིས་སྐོར་ལེའུ་ཁ་ཤས་བཅས་གསན་བཞེས་མཛད། བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས་ཀྱི་མེ་སྤྲེལ་ (1956)ལོར་གསར་བརྗེའི་ནང་ཞུགས་ཏེ་ཀོང་པོ་ཉིང་ཁྲི་ཀྲོན་ཆུས་དྭགས་ཀོང་ཡན་ལག་ཆོས་ཚོགས་ཀྱི་ཀྲུའུ་རེན་གཞོན་པའི་ཐུགས་འགན་བཞེས། ས་ཕག་ (1959)ལོར་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་དུ་བསྐོ་བཞག་བྱས། ལྕགས་བྱི་ (1960)ལོར་པེ་ཅིན་དུ་ཐོག་མ་ཕེབས་འབྱོར་ཐོག་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་ཚན་ཁག་ནང་ལོ་དྲུག་རིང་སྔ་ཕྱིར་བོད་ཡིག་ཞིབ་འཛིན་གྲྭ་ཁག་གཉིས་ལ་སུམ་རྟགས་དང་། སྙན་ངག་ལོ་རྒྱུས། སངས་རྒྱས་ཆོས་ལུགས་སྐོར་བཅས་སློབ་ཁྲིད་གནང་བ་མ་ཟད། དེའི་རིང་སྙན་ངག་སློབ་དེབ 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།》རྩོམ་སྒྲིག་དང་། དུང་དཀར་ཚིག་མཛོད་ཀྱི་མིང་ཚིག་འཚོལ་བསྡུ་དང་གསོག་འཇོག་འགོ་ཐོག་མར་བརྩམས། ཤིང་སྦྲུལ་ (1965)ལོར་པེ་ཅིན་ནས་ལྷ་སར་ཕྱིར་ཕེབས་ཏེ་གཞིས་རྩེ་དང་རྒྱལ་རྩེ་བརྒྱུད་དུ་སློབ་གསོ་ཆེན་པོའི་ལས་དོན་རུ་ཁག་ནང་ཕྱག་ལས་ཟླ་ཤས་གནང་། རིག་གནས་གསར་བརྗེ་ཆེན་པོ་ཟེར་བ་འགོ་ཚུགས་རྗེས་ལོ་ངོ་བརྒྱད་(1966-1973)རིང་ལྷ་ས་གྲོང་ཁྱེར་བྱང་ཕྱོགས་གྲོང་ལྷན་གཉིས་པའི་ཁོངས་སུ་ངལ་རྩོལ་བསྒྱུར་བཀོད་མཛད་དགོས་བྱུང་། ཤིང་ཡོས་(1975)ལོར་གོང་རིམ་གྱི་བཀའ་ལྟར་ཟི་ཁྲོན་ཁྲེན་ཏུར་ཟླ་ཤས་རིང 《བོད་རྒྱ་ཚོག་མཛོད་ཆེན་མོ།》ཡི་རྩོམ་སྒྲིག་ཕྱག་ལས་གནང་བ་དང་། དེ་རྗེས་མེ་སྦྲུལ་ (1977)ལོ་བར་བོད་རང་སྐྱོང་ལྗོངས་རིག་དངོས་བདག་གཉེར་ཁང་དང་། བོད་ལྗོངས་ཡིག་ཚགས་བདག་གཉེར་ཁང་། བོད་ལྗོངས་གསར་བརྗེ་འགྲེམས་སྟོན་ཁང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་བཅས་ལ་དཀར་ཆག་དང་ལོ་རྒྱུས་རྩོམ་སྒྲིག་སོགས་ཀྱི་ལས་རོགས་མཛད། ས་རྟ་ (1978)ལོ་ནས་ཤིང་གླང་ (1985)ལོ་བར་ལོ་བརྒྱད་རིང་སླར་ཡང་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭར་ཕེབས་ནས་གཙོ་བོ་སློབ་ཁྲིད་དང་། སློབ་དེབ་རྩོམ་འབྲི། ཞོར་ལ་ཟུར་ལྟའི་དཔྱད་ཡིག་སྒྲིག་རྩོམ་བཅས་གནང་ནས་ལྕགས་སྤྲེལ་ (1980)ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པའི་མཚན་གནས་བཞེས་པ་དང་ཤིང་གླང་ (1985)ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོའི་མཚན་གནས་འབུལ་བཞེས་བསྐྱངས། ལོ་དེར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཚན་འཛིན་དབུ་འཛིན་དུ་བསྐོ་བཞག་ཞུས། ཤིང་གླང་ (1985)ལོར་པེ་ཅིན་ནས་བོད་དུ་ཕྱིར་ཕེབས་ཏེ་བོད་ལྗོངས་སློབ་གྲྭ་ཆེན་མོར་ཕྱག་ལས་གནང་། རབ་བྱུང་བཅུ་བདུན་པའི་ས་འབྲུག་ (1987)ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་སྐུ་གཞོན་པར་བསྐོ་བཞག་བྱུང་བ་དང་། རྒྱལ་ཁབ་མི་དོན་ལས་ཁུངས་ནས་རྒྱལ་ཁབ་རིམ་པའི་རིགས་གཅིག་མཁས་པའི་མཚན་གནས་ཕུལ། ལྕགས་ལུག་ (1990)ལོར་ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་མཚན་འཛིན་དབུ་འཛིན་གྱི་མཚན་གནས་འབུལ་བཞེས་བསྐྱངས་པ་དང་སྦྲགས་ཞིབ་འཇིག་ཁང་དེའི་ཞིབ་འཇིག་མི་སྣ་རྣམས་ལ་སྣེ་ཁྲིད་མཛད་དེ་ཀན་སུའུ་དང་། མཚོ་སྔོན། ཟི་ཁྲོན་བཅས་ཀྱི་གནའ་ཤུལ་གྲགས་ཅན་གཙོ་གྲས་ཁག་གཅིག་ལ་དུས་ཡུན་ཟླ་བ་གསུམ་ཙམ་རིང་རྟོག་ཞིབ་དང་སྦྲགས་ས་གནས་དངོས་སུ་སློབ་ཁྲིད་བཀའ་དྲིན་བསྐྱངས། དམ་པ་གང་ཉིད་ཀྱིས་བོད་རིག་པའི་མཁས་པའི་ཁྱུ་མཆོག་ཅིག་གི་ངོས་ནས་སྔ་རྗེས་སུ་འཇར་མན་དང་། ནོར་ཝེ། དབྱི་ཊ་ལི། ཨའོ་སི་ཁྲུའུ་རི་ཡ། ཧྥ་རའན་སི། དབྱིན་ལན་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སློབ་ཁྲིད་དང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་དཔྱད་ཚོགས་འདུར་ཐེངས་མང་ཕེབས་ཏེ་ཕུལ་བྱུང་གི་དཔྱད་རྩོམ་དུ་མ་སྒྲོགས་སྦྱང་མཛད་པ་དང་སྦྲགས་རྒྱལ་ནང་གི་བོད་རིག་པའི་ཐད་ཀྱི་འཕེལ་ཚུལ་ངོ་སྤྲོད་མཛད། མཐར་མེ་བྱི་ (1996)ལོར་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་རྒས་ཡོལ་འབུལ་བཞེས་ཐོག དགུང་གྲངས་བདུན་ཅུར་ཕེབས་པ་མེ་གླང་ (1997)ལོའི་སྤྱི་ཟླ་བདུན་པའི་ཚེས་ཉེར་གཉིས (བོད་ཟླ་ལྔ་པ་ཕྱི་མའི་ཚེས་བཅོ་བརྒྱད་ )ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་པར་ཨ་རིའི་གྲོང་ཁྱེར་ལོ་ཧྲན་ཅི་རུ་གཟིམ་ཁྲི་མཐའ་ཅན་དུ་གྱུར།
དམ་པ་འདི་ཉིད་སྐུ་འཚོ་བཞུགས་སྐབས་ད་དུང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། བོད་རང་སྐྱོང་ལྗོངས་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ། རྒྱལ་སྤྱིའི་བོད་རིག་པ་སློབ་ཚོགས་ཀྱི་ལས་འཛིན། རྒྱལ་ཡོངས་སྲིད་གྲོས་སྐབས་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ཀྱི་ཨུ་ཡོན། སྲིད་གྲོས་བོད་རང་སྐྱོང་ལྗོངས་སྐབས་བཞི་པའི་རྒྱུན་ལས་ཨུ་ཡོན་བཅས་གནང་བ་མ་ཟད། ཀྲུང་གོ་རྒྱལ་ཡོངས་ལོ་རྒྱུས་ཞིབ་འཇུག་ཚོགས་པ་དང་། ཀྲུང་གོ་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཚོགས་པ། ཀྲུང་གོ་གྲངས་ཉུང་མི་རིགས་ཀྱི་གནའ་རབས་སྐད་ཡིག་ཞིབ་འཇུག་ཚོགས་པ་སོགས་ཞིབ་འཇུག་ཚོགས་པ་མང་པོ་ཞིག་གི་སྒྲིག་ཁོངས་སུ་ཡོད། དམ་པ་འདི་ཉིད་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་དང་གུས་བཀུར་ཞུ་ཡུལ་དུ་གྱུར་པའི་བོད་རིག་པའི་མཁས་དབང་གྲགས་ཅན་ཞིག་གི་ངོས་ནས་འཛམ་གླིང་གི་གྲགས་ཅན་མི་སྣའི་མཚན་དེབ་ཆེན་མོའི་ནང་ལའང་འཁོད་ཡོད་ལ། སྔ་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་གནང་ནས་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་རྒྱལ་ཁབ་ཕྱི་ནང་དུ་བོད་རིག་པའི་ཆེད་ལས་མི་སྣ་ཧ་ཅང་འབོར་ཆེ་གསོ་སྐྱོང་གནང་བ་མ་ཟད། བོད་ཀྱི་སློབ་གསོ་དང་རིག་གནས་བྱ་གཞག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུའི་ཐད་ལེགས་སྐྱེས་ཤིན་ཏུ་ཆེན་པོ་ཕུལ་གནང་ཡོད། དེ་དང་ཕྱོགས་མཚུངས་དགེ་མཚན་ལྡན་པའི་སྒོ་ནས་མར་ཁེ་སི་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ་ཉམས་ལེན་མཛད་དེ་ལག་ལེན་དངོས་ནང་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་དང་བྱེད་ཐབས་བེད་སྤྱོད་ཧུར་ཐག་མཛད་དེ་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་ནས་བོད་མི་རིགས་ཀྱི་རིག་གནས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་དང་། གདེང་འཇོག རྒྱུན་འཛིན་བཅས་བྱ་རྒྱུའི་ཐད་མིག་དཔེ་བཟང་པོ་ཞིག་བསྟན་གནང་ཡོད་པ་མ་ཟད་མཛད་རྗེས་ཀྱང་ཤིན་ཏུ་ཆེན་པོ་བཞག་ཡོད་དེ། སྐུ་ཚེ་གཅིག་རིང་གསུང་རྩོམ་དུ་མ་ཡོད་པའི་ནང་གཙོ་བོ 《དུང་དཀར་ཚིག་མཛོད་ཆེན་མོ།》ཕུད་པ་དང་། ད་དུང་ 《བོད་ཀྱི་ཆོད་སྲིད་ཟུང་འབྲེལ་སྐོར་བཤད་པ།》དང་། 《དེབ་ཐེར་དམར་པོའི་མཆན་འགྲེལ།》(དེ་གཉིས་རྒྱ་ཡིག་དང་དབྱིན་ཡིག་ཏུ་བསྒྱུར་ནས་འགྲེམས་སྤེལ་བྱས་ཡོད་)《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།》སོགས་དང་། དེ་བཞིན་《བོད་ཀྱི་དཀར་ཆག་རིག་པ།》དང་། 《བོད་ཀྱི་སློབ་གསོ་རིག་པའི་འཕེལ་རྒྱས་སྐོར།》《བོད་ཡིག་དཔེ་ཪྙིང་དཔར་སྐྲུན་སྐོར་གླེང་བ།》《གནའ་རབས་བོད་ཀྱི་འཇལ་གཤོར་འདེགས་གསུམ་གྱི་འཕེལ་རྒྱས་སྐོར།》ཞེས་པ་སོགས་ཆེད་རྩོམ་དུ་མ་ཡོད་པ་དེ་དག་《ཀྲུང་གོའི་བོད་ཀྱི་ཤེས་རིག》དང་། 《བོད་ལྗོངས་ཞིབ་འཇུག》《སྦྲང་ཆར།》སོགས་རིག་གཞུང་དུས་དེབ་ཐོག་འགྲེམས་སྤེལ་བྱས་ཡོད།
དེ་ཡང་དམ་པ་འདི་ཉིད་ཀྱིས་དུང་དང་འོ་མར་འགྲན་པའི་ལྷག་བསམ་མཐུ༎ དམན་ཡང་དཀར་པོའི་བྱས་འབྲས་ཅུང་ཟད་ཅིག། བློ་དང་འདུན་པ་བཟང་བའི་རང་རིགས་ཀུན༎ རྒྱལ་ཁབ་འཕྲིན་བཟང་ལས་དོན་འགྲུབ་ཕྱིར་འབད༎ ཅེས་བསྩལ་བ་ལྟར་སྐུ་ཚེ་གཅིག་རིང་རང་གི་རྒྱལ་ཁབ་ལ་དགའ་ཞེན་དང་། རང་གི་མི་རིགས་ལ་དགའ་ཞེན། རང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ཤེས་རིག་ལ་དགའ་ཞེན་བཅས་མཛད་དེ་མི་རིགས་རིག་གནས་དར་རྒྱས་གོང་འཕེལ་གཏོང་ཕྱིར་ཐུགས་ནུས་ཡོད་རྒུ་འདོན་གནང་མཛད་དེ་རང་རྒྱལ་གྱི་སློབ་གསོ་དང་རིག་གནས་བྱ་གཞག་ཐད་ལེགས་སྐྱེས་ཤིན་ཏུ་ཆེན་པོ་འབུལ་གནང་མཛད་པ་མ་ཟད། 《དུང་དཀར་ཚིག་མཛོད་ཆེན་མོ།》འདི་ཁོ་རང་ཡང་སྔ་དུས་1960ལོ་ནས་ད་བར་མི་ལོ་སུམ་ཅུ་སོ་དྲུག་ལྷག་རིང་དུས་ཚོད་བར་གསེང་ནམ་ཡོད་ལ་མིང་ཚིག་འཚོལ་བསྡུ་དང་། དཔྱད་གཞི་འཚོལ་ཞིབ། ཚིག་འགྲེལ་རྩོམ་འབྲི་སོགས་མཛད་མཐར་སྨན་ཁང་དུ་བསྙུན་གཞི་ཧ་ཅང་དོད་དྲག་པའི་སྐབས་སུའང་ཚིག་མཛོད་འདི་ཉིད་ཀྱི་མ་ཟིན་ཞུས་དག་མཛད་པ་མ་ཟད། སྐུ་ཁམས་སླར་གསོ་བྱུང་རྗེས་མུ་མཐུད་ཕྱག་ལས་གནང་རྒྱུའི་ཐུགས་རེ་སྐོམ་པ་ཆུ་འདོད་ལྟར་མཛད་པ་དེ་ནི་རང་ཅག་ཕྱི་རབས་པ་རྣམས་ཀྱིས་རྗེས་སུ་ཡི་རངས་དང་མིག་དཔེ་ཞུ་དགོས་པ་ཞིག་རང་དུ་ངེས་སོ༎
སྒྲོལ་མ་སྐྱིད་ཀྱིས 《དུང་དཀར་ཚིག་མཛོད་ཆེན་མོ 》ལས་བཏུས།