འཇིག་རྟེན་ཆེ་རྒུ་ཐམས་ཅད་ཁྱེད་ཀྱིས་བསྐྱེད། །
འདོད་རྒུ་ལོངས་སྤྱོད་ཐམས་ཅད་ཁྱེད་ཀྱིས་འགུགས། །
ལུས་སེམས་བདེ་དགའ་སྦྱིན་པའི་དཔལ་ཆེན་མོ། །
མཛེས་མ་ཁྱོད་ནི་ཡིད་བཞིན་ནོར་བུ་དངོས། །
ཤཱཀ་ཐུབ་བཙུན་པ་བུད་མེད་མངལ་ནས་བྱུང་། །
མེས་དབོན་རྣམ་གསུམ་ཁྱོད་ཀྱི་ནུ་ཞོས་བསྐྱེད། །
ཨ་རིའི་སྲིད་སྐྱོང་ཁྱོད་ཀྱི་བཀའ་ལ་གུས། །
རླབས་ཆེན་ཀུན་ཀྱི་སློབ་དཔོན་བུད་མེད་ཡིན། །
མཁས་པའི་དཔལ་དང་བཙུན་པའི་ངང་ཚུལ་བཟང་། །
མཐོན་པོའི་ཐོབ་དང་དཔའ་བོའི་ཁེངས་པ་སོགས། །
ཅིག་ཅར་དབང་དུ་བསྡུ་བའི་བདག་ཉིད་ཅན། །
ཁམས་གསུམ་གཡུལ་ལས་རྒྱལ་བ་མཛེས་མའི་ཆོས། །
དཔའ་བའི་དཔུང་གིས་མཐའ་བཞི་དབང་དུ་བྱས། །
མཛངས་མའི་སྤྱོད་པས་བོད་ཁམས་དབང་དུ་བསྡུས། །
བཙན་པོའི་དམག་གིས་རྒྱ་འཇང་ཟིལ་གྱིས་གནོན། །
ཐུ་བྷོད་རྒྱལ་མོ་འབྲོ་བཟའ་ཁྲི་མ་ལོད། །
ཡངས་པའི་གཙང་པོ་ལྕགས་ཀྱིས་ཟམ་པས་མནན། །
ཆུ་བོ་གངྒ་དཔའ་པོའི་རྩལ་གྱིས་རྐྱལ། །
གངས་རིའི་སྤོ་ལ་རིག་པའི་གཟི་མདངས་འབར། །
ཐུ་བྷོད་རྒྱལ་མོའི་མཛད་རྗེས་སྲིད་ན་གྲགས། །
སྲིད་ཀྱི་ཁབ་ཏུ་མོང་བཟའ་ཁྲི་ལྕམ་མཛེས། །
རིག་པའི་ཕོ་ཉ་ཞང་ཞུང་ལི་ཐིག་སྨན། །
མཛེས་མའི་སྙིང་བཅུད་མི་ཉག་རུ་ཡོང་བཟའ། །
དུས་ཀྱི་དབང་གིས་པོ་ཏཱ་ལ་རུ་འཛོམས། །
ས་ལྷའི་གྲོང་ལ་རིག་པའི་ཕ་མཁར་བཞེངས། །
མདོ་དབུས་བར་ན་མཛའ་བའི་དམུ་ཐག་འབྲེལ། །
སྲོང་བཙན་སྒམ་པོའི་དཔའ་བོའི་ཁེངས་པ་བསྙིལ། །
ཐུ་བྷོད་བུ་མོའི་རྣམ་དཔྱོད་འགྲན་ཟླ་དབེན། །
དབུས་གཙང་བུ་མོས་ཡ་གླིང་དཔལ་འབར་སྒྲོན། །
ཨ་མདོའི་བུ་མོའི་ལུས་རྩལ་གླིང་བཞིར་གྲགས། །
ཁམས་པ་བུ་མོའི་དམངས་གཙོའི་འཐབ་འཛིང་བརྟན། །
སྲིད་འབྱོར་རིག་གསུམ་བོད་ཀྱི་བུ་མོས་འཛིན། །
མཁའ་སྤྱོད་ཁོལ་མོས་ནམ་མཁའི་དབྱིངས་ནས་གཟིགས།།
ཆོས་ལྡན་བུ་མོས་ཆོས་ཀྱི་འཁོར་ལོ་བསྐོར། །
མཛེས་མའི་སྒྱུ་རྩལ་འགྲོ་བའི་ཡིད་དབང་འཕྲོག །
གངས་ལྗོངས་བུ་མོའི་ལས་རིགས་འཇའ་ལྟར་བཀྲ། །
ཞེས་བོད་ཀྱི་སྲོལ་རྒྱུན་བུད་མེད་དུས་ཆེན་ཉིན་རྒྱལ་ཁམས་པས་བོད་ཀྱི་མཛངས་མའི་མཛད་རྗེས་ལ་རྗེས་དྲན་དུ་སྨྲས་སོ།།