ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཏུ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-12


  སྤྱི་ཟླ་3པའི་ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཏུ་ཞུགས། ཞི་ཅིན་ཕིང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་གནད་སེལ་བ་དང་འགག་སྒོ་བརྒལ་བའི་དུས་སྐབས་ཡིན་པས། ངེས་པར་དུ་ཆོད་སེམས་བརྟན་པོས་ཤུགས་སྣོན་ཇེ་ཆེ་དང་མྱུར་ཚད་ཇེ་མགྱོགས། འཕེལ་ཚད་ཇེ་མྱུར་དུ་བཏང་ནས། མཐུན་སྒྲིལ་དམ་ཟབ་སྒོས་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་རྒྱལ་ཁ་ལེན་དགོས་པ་དང་། ཉིས་སྟོང་ཉི་ཤུ་ལོར་ད་ལྟའི་ཚད་གཞིའི་སྟེང་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་ཡོངས་རྫོགས་དབུལ་སྒྲོལ་དང་། དབུལ་ཕོངས་རྫོང་ཡོངས་རྫོགས་དབུལ་སྒྲོལ་བྱེད་པར་ཁག་ཐེག་བྱ་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀ་སྤེལ་སྐབས་ངེས་པར་དུ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ། གནད་ལ་འཁེལ་བའི་སྒོ་ནས་ཁྱིམ་ཚང་རེ་རེ་དང་མི་སྒེར་ལ་རོགས་སྐྱོར་བྱས་ཏེ་དབུལ་ཕོངས་ཀྱི་འབྱུང་གཞི་འཚོལ་ཞིབ་བྱས་ནས་དམིགས་ཡུལ་གསར་འབྱེད་བྱ་དགོས། སློབ་གསོའི་དབུལ་སྒྲོལ་ལ་སྔར་ལས་དོ་སྣང་བྱས་ཏེ་དབུལ་ཕོངས་ཀྱི་སྣང་ཚུལ་དེ་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་བྱེད་དུ་འཇུག་མི་རུང་ལ། དབུལ་སྒྲོལ་གྱི་ཕན་འབྲས་ཇེ་མཐོར་གཏོང་བའི་རྒྱུན་སྲིང་རང་བཞིན་ལ་སྔར་ལས་དོ་སྣང་བྱ་དགོས། དེ་མིན་མི་རིགས་མང་བ་ནི་རང་རྒྱལ་གྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ལ། རང་རྒྱལ་འཕེལ་རྒྱས་སུ་འགྲོ་བའི་མཐུན་རྐྱེན་ཆེན་པོ་ཞིག་ཀྱང་ཡིན་པས། མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཧུར་ཐག་གིས་ཤུགས་སྣོན་དང་། མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཧུར་ཐག་གིས་སྐྱེད་སྲིང་བྱེད་པ། མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་གོ་རིམ་ལྡན་པར་སྔོག་འདོན་བྱེད་པ། མི་རིགས་ས་ཁུལ་གྱི་ཐོན་ལས་སྒྲིག་གཞིའི་རིམ་པ་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། མི་རིགས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་ནུས་ཤུགས་དང་རྒྱུན་སྲིང་འཕེལ་རྒྱས་ནུས་ཤུགས་ཇེ་ཆེར་གཏང་དགོས། སྤྱི་ཚོགས་ལས་དོན་གྱི་འཕེལ་རྒྱས་དང་དམངས་འཚོའི་འཛུགས་སྐྲུན་གྱི་མ་དངུལ་དེ་མི་རིགས་ས་ཁུལ་ལ་དམིགས་ནས་མི་རིགས་ས་ཁུལ་གྱི་མང་ཚོགས་ལ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས། མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ཡིན་པས། མི་རིགས་ཀྱི་བར་ཁྱད་ལ་བརྩི་བཀུར་བྱེད་པ་དང་། རིག་གནས་སྣ་མང་ལ་བཟོད་སྒོམ་བྱེད་པ། གསར་འཛུགས་བྱེད་སྒོ་ཟབ་སྤེལ་བྱེད་པ་བཅས་བྱས་ཏེ། མི་རིགས་སོ་སོ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་ནང་དུ་སྤུན་ཟླ་མཉམ་མཐུན་དང་རེ་སྨོན་རོགས་སྐྱོར། མཐུན་སྒྲིལ་འགྲིག་མཐུན། ཐུན་མོང་འཕེལ་རྒྱས་བཅས་འབྱུང་བར་བྱ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1