ཀོང་པོ་ཁུལ་དུ་སྔོན་མ་བོད་ཁུལ་གཞན་དང་འདྲ་བར་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ལོ་གསར་གཏོང་གི་ཡོད་མོད། འོན་ཀྱང་སྤྱི་ལོའི་དུས་རབས་བདུན་པའི་དུས་སྐབས་སུ་ཉིང་ཁྲིར་བྱང་ཕྱོགས་ཧོར་པའི་བཙན་འཛུལ་བྱུང་རྗེས་ལོ་དེའི་སྟོན་མཇུག་ཏུ། བཤད་རྒྱུན་དུ་ཀོང་པོའི་དཔོན་ཨ་སྐྱིད་རྒྱལ་པོས་ཀོང་པོའི་སྐྱེས་པ་རྣམས་ཁྲིད་དེ་དམག་ལ་ཆས། གནད་དོན་དེ་དང་ལོ་གསར་ཐག་མི་རིང་བས་མི་རྣམས་ཁྱིམ་དང་བྲལ་འདོད་མེད་རྐྱེན། ཨ་སྐྱིད་རྒྱལ་པོ་ནི་དུང་སེམས་དང་ལ་རྒྱ་ཡོད་པའི་སྣེ་འཁྲིད་པ་ཞིག་ཡིན་པས་ཁོང་གིས་དམག་ནི་མ་བརྒྱབ་ཐབས་མེད་རེད། ལོ་གསར་ནི་མི་གཏོང་ཐབས་མེད་ཡིན། ལོ་གསར་མ་བཏང་ཚེ་དམག་རྒྱག་རྒྱུའི་བསམ་བློ་མེད་པས་ཀོང་པོའི་ལོ་གསར་ཟླ་བཅུ་པའི་ཚེས་གཅིག་ཉིན་གཏང་རྒྱུ་ངས་གཏན་འཁེལ་བྱ་རྒྱུ་ཡིན། ང་ཚོས་བཟའ་བཏུང་ཡིད་ཚིམ་པ་བྱས་ནས་དམག་རྒྱག་པར་བསྐྱོད་ཆོག་ཅེས་ཐག་བཅད་པ་ཡིན་ཟེར་དེས་ན་ཁོ་ཚོས་ལོ་གསར་སྔོན་ལ་བཏང་ནས་དམག་ལ་ཐོན་ཞིང་མཐའ་མའི་རྒྱལ་ཁའང་ཐོབ། དེ་ནས་བཟུང་ཀོང་པོའི་ལོ་གསར་བོད་ཟླ་བཅུ་པའི་ཚེས་གཅིག་ཉིན་གཏོང་བའི་གོམས་སྲོལ་འདི་ད་ལྟ་བར་དུ་མཆིས། ཀོང་པོའི་ལོ་གསར་ལ་ཁྱད་ཆོས་དམིགས་བསལ་ཞིག་ཡོད་དེ། ལོ་གསར་སླེབས་རིམ་གྱི་ཚེས་སུམ་བཅུའི་དགོང་མོར་དུད་ཁྱིམ་ཚང་མས་ལོ་གསར་གྱི་ཟས་རིགས་ཚོགས་དང༌། སྣུམ་བཀྲག་ཤིང་འབྲས། ནོར་ལུག་གི་ཤ། མར་ལ་སོགས་པ་ཤིང་སྡེར་ནང་བླུགས་ཏེ་སྒོ་རའི་དཀྱིལ་དུ་བཞག་ནས་ཁྱི་སྐད་བཏང་ཏེ་བཟའ་རུ་འཇུག་གི་ཡོད། ཀོང་པོའི་མི་ཚོས་ཁྱིས་བཟས་པའི་ལྟོ་རིགས་ལ་གཞིགས་ཏེ་འབྱུང་འགྱུར་ལོ་འདིའི་ནང་ལོ་ལེགས་དང་ཕྱུགས་ལས། བདེ་ཐང་སོགས་སྔོན་རྩིས་ལྟར་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁྱིས་ཟས་ཟིན་རྗེས་ཁྱིམ་མི་རྣམས་སྒོར་སྒོར་དུ་བསྡད་ནས་སྐྱིད་ཟླ་ཞེས་པའི་ཟས་རིགས་ཤིག་བཟའ་བཞིན་ཡོད། དེ་ནི་མར་དང་འོ་མ། གྲོ་ཞིབ་བཅས་ལས་གྲུབ་པ་དང་རྐྱུག་པའི་སྟེང་དུ་བརྒྱུས་ནས་བཀྲག་པ་ཞིག་ཡིན། དེ་ཇི་ཙམ་མང་བ་ཟས་ན་དེ་རྩིས་ཀྱི་ལེགས་པར་རྩིས་བཞིན་མཆིས། གང་ཡིན་ཟེར་ན། གདོན་འདྲེས་རང་ཉིད་སྒལ་པར་འཁྱེར་ཐུབ་ཀྱི་མེད་ཟེར། ལོ་གསར་ཚེས་གཅིག་ཉིན། མི་རྣམས་ཀྱིས་མཆོད་རྫས་དང་ཆང་འཁྱེར་ནས་རང་རང་གི་ཞིང་ཁའི་ཐོག་བསྐྱོད་དེ་ཛཾ་པ་ལྷར་མཆོད་པ་འབུལ་བཞིན་ཡོད། ཁོ་ཚོས་སྨྱུག་མའམ་ཤིང་རིགས་གང་རུང་ཞིག་གི་ཐོག་ཏུ་དར་ལྕོག་ལྔ་ལྡན་འབྲེལ་ནས་སའི་དཀྱིལ་དུ་འཛུགས་པ་དང་དེ་རྗེས་གཞས་བཏང་ཞབ་བྲོ་འཁྲབ་ཏེ་ཛཾ་པ་ལྷར་འབྱུང་འགྱུར་གྱི་ལོ་ཟླའི་ཁྲོད་ལོ་ལེགས་ཡོང་རྒྱུའི་སྨོན་ལམ་འདེབས་བཞིན་མཆིས། ལོ་གསར་གྱི་རོལ་རྩེད་བྱ་འགུལ་སྣེ་ཁ་མང་ཞིང་དམིགས་བསལ་གྱི་ཁྱད་ཆོས་ཀྱང་ལྡན། ཚེས་གཉིས་ནས་འགོ་བཙུགས་ཏེ་སྐྱེས་པ་ཚོས་འཕོང་རྒྱུག་འགྲན་བསྡུར་བྱེད་ཀྱི་ཡོད། ཀོང་པོ་ས་ཁུལ་གྱི་མདའ་ཚང་མ་སྒྲ་ལྡན་མདའ་མོ་ཡིན་ཞིང༌། མདའ་མགོ་ནི་ཤིང་བཟོས་སྨྱུག་རིལ་དབྱིབས་དང་དེའི་ཐོག་བུ་ག་ཆུང་ཆུང་མང་པོ་ཡོད། མདའ་མོ་གཞུ་ལས་བྲལ་རྗེས་མཁའ་རླུང་བུ་གར་འཛུལ་ཏེ་ཤུར་སྒྲ་སྒྲོག་བཞིན་ཡོད། དེ་མིན་སྦེ་ག་དང༌། རྡོ་འགྱོག ཤིང་གཅོད་སོགས་པའི་རྩེད་སྣ་ཡོད། བུད་མེད་རྣམས་ཀྱིས་རྟ་པ་དང་མདའ་པ་ཚོར་གཞས་བཏང་བ་ཕུད་ཚང་མ་མཉམ་སྡོད་ཀྱིས་རྩེད་མོ་སྣ་ཚོགས་རྩེད་རྒྱུ་ཡོད། དགོང་མོར་ཐང་ཆེན་དུ་མེ་སྒོང་བརྒྱབ་སྟེ་ཡིད་དབང་འཕྲོག་པའི་སྐོར་བྲོ་འཁྲབ་སྲོལ་ཡོད་ཅིང་། མེ་ཕུང་གི་འཁྲིས་སུ་ཤིང་ཟོམ་ཆེན་པོ་ཞིག་འཇོག་པའི་ནང་དུ། གང་ལྟར་ཞབས་བྲོ་རྒྱག་པར་ཡོང་མཁན་ཡིན་ཕྱིན་ཚང་མས་ཆང་དམ་བེ་གང་རེ་འཁྱེར་ཏེ་ཤིང་ཟོམ་ནང་བླུགས་ཀྱི་ཡོད། ཤིང་ཟོམ་ནས་ཆང་འཐུང་ཞོར་མེ་ཕུང་ལ་བསྐོར་ནས་ཞབས་བྲོར་རོལ་ཞིང་སྦྲང་རྩིའི་སྙིང་བཅུད་ལ་ཆགས་བཞིན་མཆིས། །