སྡེ་ཚན་དང་པོ། མི་རིགས་ས་ཁོངས་རང་སྐྱོང་གི་རྨང་གཞི་ཤེས་བྱའི་སྐོར།(4)

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


དྲི་བ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི་ཁྲིམས་གང་ཞིག་གཞི་བཅས་ནས་བཟོས་པ་ཡིན།  རྒྱུ་མཚན་ཅི།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས>>་ཀྱི་དོན་ཚན་དང་པོ་ལས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ནས་གཏན་ལ་ཕབ་པ་ཡིན་ཞེས་གཏན་འབེབས་བྱས་ཡོད།

རྩ་ཁྲིམས་གཞིར་འཛིན་དགོས་པའི་རྒྱུ་རྐྱེན་ལ་གཤམ་གྱི་ཕྱོགས་འགའ་འདུ་སྟེ།

གཅིག ཁྲིམས་འཛུགས་ཀྱི་དབང་ཁུངས་རྩ་ཁྲིམས་ཡིན་པ། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཡིན་ལ། ཆེས་མཐོ་བའི་བཅའ་ཁྲིམས་ཀྱི་ནུས་པ་ལྡན། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གང་ཞིག་ཡིན་ཡང་རྩ་ཁྲིམས་དང་འགལ་མི་ཆོག རྩ་ཁྲིམས་ལས་རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབང་ཆ་བཀོལ་སྤྱོད་བྱ་ཞིང་། རྒྱལ་ཡོངས་དམངས་ཆེན་གྱིས་ཉེས་དོན་དང་། དམངས་དོན། རྒྱལ་ཁབ་སྡེ་ཚན་དང་རྨང་གཞིའི་བཅའ་ཁྲིམས་གཞན་དག་བཅས་གཏན་འབེབས་དང་བཟོ་བཅོས་རྒྱག་རྒྱུ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་གྱིས་གཏན་འབེབས་བྱ་དགོས་པའི་བཅའ་ཁྲིམས་ཕུད་པའི་བཅའ་ཁྲིམས་གཞན་དག་གཏན་འབེབས་དང་བཟོ་བཅོས་རྒྱག་རྒྱུ་མ་ཟད། རྒྱལ་ཡོངས་དམངས་ཆེན་གྱི་ཚོགས་འདུ་གྲོལ་བའི་དུས་སུ་རྒྱལ་ཡོངས་དམངས་ཆེན་གྱིས་གཏན་འབེབས་བྱས་པའི་བཅའ་ཁྲིམས་ཀྱི་རྨང་གཞིའི་རྩ་དོན་དང་མི་འགལ་བར། ནང་དོན་ཁ་ཤས་ལ་ཁ་གསབ་དང་བཟོ་བཅོས་རྒྱག་རྒྱུའི་དབང་ཆ་གནང་ཡོད། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱི་ལམ་ལུགས་དང་འབྲེལ་བའི་རྨང་གཞིའི་བཅའ་ཁྲིམས་ཤིག་ཡིན་པས། དེའི་ཁྲིམས་འཛུགས་ཀྱི་དབང་ཁོངས་རྒྱལ་ཡོངས་དམངས་ཆེན་ལ་གཏོགས་པ་རེད། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་1984ལོའི་ཟླ་5པའི་ཚེས་31ཉིན་གྲོས་འཆམ་བྱུང་ནས་བཀྲམས་རྗེས། དུས་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་གི་དབང་གིས་བཟོ་བཅོས་རྒྱག་དགོས་བྱ་བྱུང་། བཟོ་བཅོས་ཀྱི་ནང་དོན་དག་ནི་བཅའ་ཁྲིམས་འདི་ཉིད་ཀྱི་རྨང་གཞིའི་རྩ་དོན་དང་འབྲེལ་མེད་པས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཟོ་བཅོས་བརྒྱབ་ཆོག

 གཉིས། རྩ་ཁྲིམས་ལས་གཏན་འབེབས་བྱས་པའི་རྨང་གཞིའི་རྩ་དོན་གཞིར་བཟུང་ནས་བྱེ་བྲག་གི་བཅའ་ཁྲིམས་དོན་ཚན་གཏན་འབེབས་དང་བཟོ་འགོད་བྱས་པ། མི་རིགས་ཀྱི་གནད་དོན་སྐོར་ལ་རྩ་ཁྲིམས་ཀྱི་སྤྱིའི་རྩ་དོན་ལས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཚང་མ་འདྲ་མཉམ་ཡིན་པ་དང་། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་སོ་སོའི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་ཁག་ཐེག་བྱེད་རྒྱུ། མི་རིགས་སོ་སོའི་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་གོང་སྤེལ་བྱེད་དགོས། མི་རིགས་གང་ཞིག་ལའང་མཐོང་ཆུང་དང་གཉའ་གནོན་བྱེད་པའི་རིགས་ལ་བཀག་སྡོམ་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་མི་རིགས་ཁ་བྲལ་གཏོང་བའི་བྱ་སྤྱོད་ལ་བཀག་སྡོམ་བྱེད་དགོས། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་ནས་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་དཔལ་འབྱོར་དང་རིག་གནས་འཕེལ་ཚད་ཇེ་མགྱོགས་སུ་གཏོང་རོགས་བྱེད་དགོས། གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་བསྟར་བྱས་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་ལག་བསྟར་བྱེད་དུ་འཇུག་དགོས། མི་རིགས་སོ་སོར་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད། ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དང་ཡང་ན་སྒྱུར་བཅོས་བྱེད་པའི་རང་དབང་ཡོད་ཅེས་གཏན་འབེས་བྱས་ཡོད་པ་མ་ཟད། དུས་མཚུངས་སུ་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱི་གྲུབ་ཆ་དང་དབང་ཚད་སོགས་ཆེད་དུ་གཏན་འབེབས་བྱས་ཡོད། དེ་བས། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་གཏན་འབེབས་དང་བཟོ་བཅོས་ནི་རྩ་ཁྲིམས་ཀྱི་གཏན་འབེབས་འདི་དག་གཞིར་བཟུང་སྟེ་དོན་དངོས་དང་བསྟུན་ནས། བྱེ་བྲག་གི་དོན་ཚན་དག་ཞིབ་འཇུག་དང་བཟོ་འགོད་བྱས་པས། རྩ་ཁྲིམས་ཀྱི་ནང་དོན་དག་ཇེ་གསལ་དུ་བཏང་བ་རེད།

 གསུམ། རྩ་ཁྲིམས་ཀྱི་ནང་དོན་དང་མི་འགལ་བར་གཅིག་མཐུན་ཡོང་བར་བྱེད་པ།  རྩ་ཁྲིམས་ཀྱི་ནང་དོན་དང་མི་འགལ་བ་ནི་གཙོ་བོ་རྩ་ཁྲིམས་ལས་གཏན་འབེབས་བྱས་པའི་མི་རིགས་ཀྱི་གནད་དོན་དང་མི་རིགས་རང་སྐྱོང་ལས་ཁུངས་ཀྱི་ནང་དོན་དག་དང་ཐད་ཀར་འགལ་ཟླ་མི་བྱུང་བ་མ་ཟད། ལྷག་པར་རྩ་ཁྲིམས་ལས་བཏོན་པའི་མི་རིགས་ས་ཁོངས་རང་སྐྱོང་ཐད་ཀྱི་ནང་དོན་ཇེ་གསལ་དང་ཇེ་རྒྱས། དེ་མིན་ནང་དོན་གསར་བ་དག་ཁ་སྣོན་བྱེད་སྐབས་རྩ་ཁྲིམས་ལས་གཏན་འབེབས་བྱས་པའི་ཁ་ཕྱོགས་དང་རྩ་དོན། སྙིང་དོན་དང་མི་འགལ་བར་བརྩི་སྲུང་ལེགས་པོ་བྱེད་རྒྱུ་ལ་བྱ་བ་ཡིན།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1