མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་བཞི་བ་ལས། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྩ་ཁྲིམས་ནང་འཁོད་ལེའུ་གསུམ་པའི་ས་བཅད་ལྔ་པར་གཏན་ལ་ཕབ་པའི་ས་གནས་ཀྱི་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་འགན་དབང་སྤྱོད་རྒྱུ་དང་འབྲེལ། རྩ་ཁྲིམས་དང་བཅའ་ཁྲིམས་འདི་དང་བཅའ་ཁྲིམས་གཞན་དག་ལས་གཏན་ལ་ཕབ་པའི་འགན་བབ་དབང་ཚད་ལྟར་རང་སྐྱོང་དབང་ཆ་འཛིན་སྤྱོད་བྱ་རྒྱུ་དང་། ས་གནས་དེ་གའི་གནས་ཚུལ་དངོས་གཞིར་བཟུང་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་བསྟར་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ས་ཁུལ་དང་རྫོང་བཙུགས་ཡོད་པའི་གྲོང་ཁྱེར་གྱི་ས་གནས་ཀྱི་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་འགན་དབང་སྤྱོད་རྒྱུ་དང་འབྲེལ་རང་སྐྱོང་དབང་ཆ་འཛིན་སྤྱོད་བྱ་རྒྱུའི་གཏན་འབེབས་འདིར་གཞིགས་ཚེ། རང་སྐྱོང་ལས་ཁུངས་ཀྱི་འགན་དབང་ལ་གཤམ་གྱི་ཕྱོགས་གཉིས་འདུ་སྟེ།
གཅིག རིམ་པ་དང་བོའི་ས་གནས་སྲིད་དབང་ལས་ཁུངས་ཡིན་པའི་ཆ་ནས། ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་དབང་འཛིན་སྤྱོད་བྱ་རྒྱུ། རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་སྤྱིར་བཏང་གི་ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འགན་དབང་འཛིན་སྤྱོད་བྱ་རྒྱུ་སྟེ། དཔེར་ན། རྩ་ཁྲིམས་དང་ས་གནས་རྩ་འཛུགས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་རིམ་པ་སོ་སོའི་དམངས་ཆེན་གྱི་འགན་དབང་གཙོ་བོ་གཞིར་བཟུང་ནས། ཁྲིམས་འཛུགས་ཀྱི་དབང་ཆ་དང་ས་གནས་ཀྱི་དོན་ཆེན་དག་ཐག་གཅོད་བྱེད་པའི་དབང་ཆ། འདེམ་བསྐོ་དང་བསྐོ་འཐེན་ཐག་གཅོད་ཀྱི་དབང་ཆ། ལྟ་སྐུལ་གྱི་དབང་ཆ་སོགས་འཛིན་སྤྱོད་བྱ་རྒྱུ། རང་སྐྱོང་ས་གནས་ཀྱི་མི་དམངས་སྲིད་གཞུང་གིས་སྤྱིར་བཏང་གི་ས་གནས་མི་དམངས་སྲིད་གཞུང་གི་འགན་དབང་འཛིན་སྤྱོད་བྱ་རྒྱུ་སྟེ། དཔེར་ན། རྩ་ཁྲིམས་དང་ས་གནས་རྩ་འཛུགས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་འགན་དབང་གཙོ་བོ་གཞིར་བཟུང་ནས། རིམ་པ་དེ་གའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་དང་། དེ་མིན་རིམ་པ་གོང་མའི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་ཐག་གཅོད་དང་བཀའ་རྒྱ་ལག་བསྟར་བྱེད་པ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི། རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱེད་པ། རང་གི་སྲིད་འཛིན་མངའ་ཁོངས་ཁྲོད་ཀྱི་དཔལ་འབྱོར་དང་སློབ་གསོ། ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ། ནོར་སྲིད། དམངས་སྲིད། སྤྱི་བདེ། མི་རིགས་ལས་དོན། འཆར་ལྡན་བུ་སྐྱེས། ཁྲིམས་འཛིན་སོགས་སྲིད་འཛིན་གྱི་བྱ་བར་དོ་དམ་བྱེད་པ། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་ལས་བྱེད་མི་སྣ་བསྐོ་འཐེན་དང་ཟབ་སྦྱོང་། རྒྱུགས་དཔྱད། བྱ་དགའ་དང་ཆད་གཅོད་བྱེད་པར་དོ་དམ་བྱེད་པ། སྲིད་འཛིན་གྱི་བྱེད་ཐབས་གཏན་འབེབས་དང་། ཐག་གཅོད་དང་བཀའ་རྒྱ་བསྒྲགས་པ་སོགས་ཀྱི་འགན་དབང་འཛིན་སྤྱོད་བྱ་རྒྱུ་དེའོ། །
གཉིས། རང་སྐྱོང་ལས་ཁུངས་ཡིན་པའི་ཆ་ནས་རང་སྐྱོང་དབང་ཆ་འཛིན་སྤྱོད་བྱ་རྒྱུ། རང་རྒྱལ་གྱི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས། དེ་མིན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། རང་སྐྱོང་ལས་ཁུངས་ཀྱི་རང་སྐྱོང་དབང་ཆར་གཙོ་བོ་གཤམ་གསལ་གྱི་ཕྱོགས་དེ་དག་འདུ་སྟེ།
1.རང་སྐྱོང་སྲོལ་ཡིག་དང་གཅིག་སྤྱོད་སྲོལ་ཡིག་གཏན་འབེབས་བྱས་ཆོག་པ།རྩ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་དྲུག་པ་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་དགུ་བ་ལས། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ས་གནས་དེ་གའི་མི་རིགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རང་སྐྱོང་སྲོལ་ཡིག་དང་གཅིག་སྤྱོད་སྲོལ་ཡིག་གཏན་འབེབས་བྱེད་དབང་ཡོད། རང་སྐྱོང་ལྗོངས་ཀྱི་རང་སྐྱོང་སྲོལ་ཡིག་དང་གཅིག་སྤྱོད་སྲོལ་ཡིག་དག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་ནུས་པ་ཐོན་རྒྱུ། རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག་དང་གཅིག་སྤྱོད་སྲོལ་ཡིག་དག་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་ནུས་པ་ཐོན་རྒྱུ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས།ཞེས་གཏན་འབེབས་བྱས་ཡོད།
2.རིམ་པ་གོང་མའི་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་གྲོས་ཆོད་དང་། ཆོད་དོན། བཀའ་རྒྱ། མཛུབ་སྟོན་དག་བབ་བསྟུན་གྱིས་ལག་བསྟར་བྱ་རྒྱུའམ་ཡང་ན་ལག་བསྟར་བྱེད་མཚམས་འཇོག་པ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་ཉི་ཤུ་བ་ལས། རིམ་པ་གོང་མའི་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་གྲོས་ཆོད་དང་། ཆོད་དོན། བཀའ་རྒྱ། མཛུབ་སྟོན་བཅས་ལས་མི་རིགས་རང་སྐྱོང་ས་གནས་ཀྱི་གནས་ཚུལ་དངོས་དང་མི་མཐུན་པའི་རིགས་བྱུང་ན་རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་དེར་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་བབ་བསྟུན་གྱིས་ལག་བསྟར་བྱ་རྒྱུའམ་ཡང་ན་ལག་བསྟར་བྱེད་མཚམས་བཞག་ཆོག རིམ་པ་གོང་མའི་རྒྱལ་ཁབ་གཞུང་གི་ལས་ཁུངས་དེས་སྙན་ཞུ་འབྱོར་ཉིན་ནས་ཉིན་དྲུག་ཅུའི་ནང་ཚུན་ལན་འདེབས་རྒྱུ་ཞེས་གཏན་འབེབས་བྱས་ཡོད།
3.ས་ཁོངས་རང་སྐྱོང་བྱེད་པའི་མི་རིགས་དེའི་སྐད་དང་ཡི་གེ་གཙོ་བོར་བཟུང་ནས་ལས་
འགན་ལག་བསྟར་བྱས་ཆོག རྩ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་ཉེར་གཅིག་པ་ལས། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་ལག་བསྟར་བྱེད་སྐབས། མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་སྲོལ་ཡིག་གི་གཏན་འབེབས་ལྟར་ས་གནས་དེ་གར་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་དང་ཡི་གེ་གཅིག་གམ་རིགས་ཁ་ཤས་སྤྱོད་དགོས་པར་གཏན་འབེབས་བྱས་ཡོད་པ་མ་ཟད། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལས་རྩ་ཁྲིམས་ཀྱི་གཏན་འབེབས་འདི་བསྐྱར་བཤད་ཡོད་པ་ཕུད། ད་དུང་སྤྱི་ཁྱབ་སྤྱོད་པའི་སྐད་དང་ཡི་གེ་རིགས་ཁ་ཤས་མཉམ་དུ་སྤྱད་དེ་ལས་འགན་ལག་བསྟར་བྱེད་པར། ས་ཁོངས་རང་སྐྱོང་བྱེད་པའི་མི་རིགས་དེའི་སྐད་དང་ཡི་གེ་གཙོ་བོར་བཟུང་ཆོག་ཅེས་ཁ་གསབ་ཀྱི་གཏན་འབེབས་ཀྱང་བྱས་ཡོད།
4.རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས། དེ་མིན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས་ས་གནས་དེ་གའི་སྲིད་འཛིན་མངའ་ཁོངས་འོག་གི་དཔལ་འབྱོར་འཛུགས་སྐྲུན་དང་། ནོར་སྲིད། ཁྲལ་བསྡུ། སློབ་གསོ། ཚན་རྩལ། རིག་གནས། འཕྲོད་བསྟེན། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་སོགས་ལས་རིགས་སོ་སོར་རང་བདག་རང་སྐྱོང་བྱས་ཆོག