བསང་གི་མ་ཎི་རྡོ་མཁར་ཞེས་པའི་གསང་བ་སྟོང་གིས་ཕྱུག་པའི་གནས་མཆོག་དེ་ནི་ཁམས་སེར་ཤུལ་རྫོང་གི་བྱང་ཕྱོགས་སུ་སྤྱི་ལེ་80ཙམ་བསྐྱོད་པའི་མཚམས་ཏེ། རྒྱལ་བ་ཕུག་ཁང་དགོན་བདེ་ཆེན་ཆོས་འཁོར་ལྷུན་པོ་འམ་ཨ་རིག་ཆོས་གྲྭ་ཆེན་མོ་ངེས་དོན་བྱ་སྒྲུབ་དར་རྒྱས་གླིང་དང་རྒྱང་ཐག་མི་རིང་བའི་སྒོ་ཉིན་བསང་ཐོག་ཞེས་པར་ཆགས་ཡོད། མ་ཎི་རྡོ་མཁར་དེ་ཆགས་སའི་ཡུལ་ལ་བསང་ཐོག་ཞེས་འབོད་པས་ན་གནས་ཆེན་གང་དེའི་མིང་ལ་བསང་གི་མ་ཎི་རྡོ་མཁར་ཞེས་ཐོགས་ལ། གཞན་ཡང་གནས་ཡིག་ལ་ལར་གླིང་གི་མ་ཎི་རྡོ་མཁར་ཞེས་འབོད་པའང་ཡོད།
བསང་གི་མ་ཎི་རྡོ་མཁར་འདི་ནི་ཀ་གདུང་དང་འདམ་བག་སོགས་སྒྲིག་གཞི་དང་འབྱར་རྫས་ཅི་ཡང་མེད་པར། རྒྱུ་ཆ་རྡོ་ལ་མ་ཎི་དང་བཀའ་བསྟན། འདྲ་སྐུ་སོགས་གྲལ་འགྲིག་ཅིང་གསོན་ཉམས་ལྡན་པར་བརྐོས་ཏེ་དབྱིབས་གྲུ་བཞི་ནར་མོར་བརྩིགས་པ་ཞིག་ཡིན་ཞིང་། དེའི་ཤར་ནུབ་ཀྱི་དཀྱིལ་གྱི་རིང་ཚད་ལ་སྨི་73དང་། ལྷོ་བྱང་གི་ཞེང་ལ་རིང་ཚད་སྨི་47ཡོད། མཁར་གྱང་གི་ཕྱོགས་བཞིའི་མཐོ་ཚད་ལ་སྨི་10ཙམ་དང་། མཁར་གྱང་དཀྱིལ་དབུས་ཀྱི་མཐོ་ཚད་ལ་སྨི་15ཟིན་པ་ཡོད། གྱང་ངོས་སུ་སྒེའུ་ཁུང་ལྟ་བུའི་གའུ་མང་པོ་སྟར་འཕྲེང་དུ་བསྒྲིགས་ཡོད་ཅིང་། དེའི་ནང་དུ་གླིང་གི་དཔའ་ཐུལ་སུམ་ཅུ་གཙོ་བྱས་ཚོན་མདངས་རྣམ་པར་བཀྲ་བའི་རྡོ་བརྐོས་འདྲ་སྐུ་སྣ་ཚོགས་ལྷུན་ནེར་བཞུགས་ཡོད། ཚོད་རྩིས་བྱས་པ་ལྟར་ན། མ་ཎི་རྡོ་མཁར་འདིའི་ཕྱི་ནང་བར་གསུམ་དུ་ཁྱོན་བསྡོམས་རྡོ་ཡི་གའུ་ཆིག་སྟོང་ལ་ཉེ་བ་ཡོད། ད་དུང་རྡོ་མཁར་འདི་ས་སྟེང་དུ་མཐོ་ཚད་ཇི་ཙམ་ཡོད་ན་ས་འོག་ཏུ་དེ་ཙམ་ཡོད་ཅེས་པའི་བཤད་སྲོལ་ཞིག་ཀྱང་ཡོད།
མ་ཎི་རྡོ་མཁར་འདིའི་མདུན་ཕྱོགས་སུ་མཁར་སྒོ་ཞིག་ཡོད་ལ་དེ་ནས་མཁར་ནང་དུ་འཛུལ་ཐུབ། མཁར་ནང་དུ་བརྩེག་རིམ་མང་ཞིང་དབྱིབས་སྒོར་མོ་ཅན་གྱི་མ་ཎི་རྡོ་རྩིག་མང་པོ་མཐོང་རྒྱུ་ཡོད་ཅིང་། དེ་དག་གི་དཀྱིལ་དབུས་ན་ཆེ་ཆུང་མི་འདྲ་བའི་རྡོ་ཟླུམ་5རིམ་པ་ལྟར་བརྩེག་པ་དེའི་རྩེ་མོར་དོང་མིག་ཅིག་ཡོད་ཅིང་དེ་མ་ཎི་རྡོ་བརྐོས་ཤིག་གིས་ཁ་བཀབ་འདུག ངག་རྒྱུན་ལྟར་ན་དོང་མིག་འདི་ནི་མཁར་གྱི་དཀྱིལ་དབུས་སུ་ཡོད་ཅིང་མ་ཎི་རྡོ་མཁར་གྱི་སྙིང་ལྟ་བུ་ཡིན་ཟེར་ལ། དེའི་ཁ་ཕྱེ་ནས་ཉན་ཚེ་ཆུའི་བཞུར་སྒྲ་དང་རྟའི་རྨིག་སྒྲ། ད་དུང་རྔ་སྒྲ་དང་དུང་སྒྲ་སོགས་སྙན་ཞིང་འཇེབས་པའི་སྐད་སྒྲ་སྣ་ཚོགས་ཐོས་ཐུབ་ཅེས་པའི་བཤད་སྲོལ་ཞིག་ཀྱང་ཡུལ་འདིའི་དམངས་ཁྲོད་ན་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་འདུག
མ་ཎི་རྡོ་མཁར་འདི་དུས་ནམ་ཞིག་བཞེངས་པའི་ཐད་དུ་དཔྱད་ཡིག་གཉིས་ཡོད་དེ། གཅིག་ནི་《གངས་ལྗོངས་མདོ་ཁམས་ཟླ་རྒྱུད་ཨ་རིག་གླིང་གི་མ་ཎི་རྡོ་མཁར་མཐོང་གྲོལ་ཆེན་མོའི་ངོ་སྤྲོད་མདོར་བསྡུས།》ཞེས་པ་རུ། འཛམ་གླིང་གནས་ཆེན་ཡོངས་ཀྱི་མཆོག་གྱུར་ཙ་རི་དྲ་གཉིས་པ་རྒྱལ་ཀུན་ཐུགས་ཀྱི་རྟེན་མཆོག་གྲོལ་བ་བཞི་ལྡན་གྱི་རྡོ་འབུམ་ཆེན་མོ་འདི་ནི་སྤྱི་ལོ་དུས་རབས་བཅུ་བ་སྟེ། མི་ལོ་སྟོང་ཕྲག་ལ་ཉེ་བའི་སྔ་རོལ་འཕགས་མཆོག་རིགས་གསུམ་མགོན་པོ་དང་། རྒྱལ་དབང་པད་མ་ཀྰ་རའི་ཐུགས་བྱིན་གཅིག་ཏུ་བསྡུས་པའི་རོལ་གར། མི་མིན་འཕྲུལ་གྱི་སྲས་པོ་སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་གངས་ལྗོངས་བསྟན་འགྲོའི་མགོན་པོར་ཕེབས་ནས་ནག་ཕྱོགས་ཧོར་བདུད་གྱི་དམག་ཚོགས་ཆམ་ལ་ཕབ་པའི་སྐབས་སུ། གླིང་སྤྱི་དཔོན་གྱི་རིགས་སྲས་སྣང་ཆུང་གཡུ་ཡི་མེ་ཏོག་དང་། ནུ་བོ་རོང་ཚ་དམར་ལེབ་གཉིས་གཡུལ་ངོར་བཀྲོངས་པའི་ཚུལ་བསྟན་ཚེ་དཔའ་རྟུལ་རྣམ་གཉིས་ཀྱི་སྐུ་གདུང་དེ་གཉིས་གླིང་བླ་མ་རྣམས་ཀྱིས་ལས་བཞི་མཆོག་དང་བཅས་པའི་སྦྱིན་སྲེག་ཀྱིས་མཆོད་འབུལ་བགྱིས་པས། གདུང་ཆེན་ལྔ་དང་རིང་བསྲེལ་སོགས་ངོ་མཚར་གྱི་མཛད་པ་རྒྱ་ཆེར་བྱུང་བ། གླིང་སྤྱི་དཔོན་ཁྲ་རྒན་དང་རྒྱ་ཚ་སོགས་རྒན་རབས་པ་རྣམས་དང་། རྒྱལ་ཡུམ་སེང་ལྕམ་འབྲུག་མོ་དང་ཁྱད་པར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནེ་ཆུང་ཊཱཀྐིའི་རྗེ་མོ་སོགས་མོ་སྨན་རྣམས་ཐུགས་གྲོས་གཅིག་མཐུན་གྱིས། ད་ཕྱིན་ཁྲ་མོ་གླིང་གི་དཔལ་དང་གཡང་གི་རྟེན་འབྲེལ་མི་ཉམས་པ་དང་། ནག་ཕྱོགས་བསྟན་དགྲའི་ཁ་གནོན། མ་འོངས་གདུལ་བྱའི་རྟེན་སྐལ་དུ་གྱུར་བའི་གདུང་རྟེན་ཁྱད་དུ་འཕགས་པ་ཞིག་བཞེངས་དགོས་གསུངས་པ་ལྟར། ཨ་ཁུ་སྤྱི་དཔོན་རྒྱལ་པོས་ས་དཔྱད་དང་རྟེན་འབྱུང་གི་ཆ་སོགས་ལ་གཟིགས་ཏེ་ལུང་བསྟན་འདི་གནང་། ད་ནས་བཟུང་སྟེ་དཔའ་རྟུལ་དང་། །དྭངས་སྨན་མཁའ་འགྲོ་ཐམས་ཅད་ལ། །འདས་བཀྲོངས་གང་ནས་བྱུང་ན་ཡང་། །གདུང་རུས་དབུ་ལྗོན་འདི་རུ་སྐྱོབ། །སྟག་རོང་དཔོན་པོ་ཁྲོ་རྒྱལ་གྱི། །དཔའ་རྟུལ་ཕུ་ནུ་གྲལ་ར་གཏོར། །ལེ་ཁག་ཁྲོ་ཐུང་དཔོན་ལ་ཡོད། །ཉེས་ཆག་གདུང་རྟེན་བཞེངས་དུ་ཆགས། །དེ་རིང་ནས་བཟུང་ཉིན་བདུན་བར། །རྒྱལ་བཀའ་ཨ་མི་དྷི་ཝ་དང་། །བྱང་ཆུབ་མཆོད་རྟེན་བཞེངས་དགོས་གསུངས། །འགྲུབ་པའི་ནུས་པ་ཁོ་ལ་ཡོད། །རབ་གནས་རྔ་ཡབ་དཔལ་རི་ནས། །པད་མ་ང་ཡིས་བྱས་པས་ཆོག །ཅེས་གསུངས་པའི་ལུང་བསྟན་ལྟར་ཨ་ཁུ་ཁྲོ་རྒྱལ་ལ་ཉེས་ཆད་ཕབ་ནས་ཉིན་བདུན་གྱི་རིང་ལ་རྡོ་མཁར་དང་མཆོད་རྟེན་གྲུབ་པར་བྱས་ཤིང་། སྐུ་རྗེ་སེང་ཆེན་རྒྱལ་པོའི་དགྲ་ལྷའི་ཆོས་གོས་སྣ་ཚོགས། གླིང་དཔའ་རྟུལ་གྲུབ་བརྙེས་རྣམས་ཀྱི་དབུ་རྒྱན་དང་ན་བཟའ། ཁུ་བུ་ཁྲོ་རྒྱལ་གྱི་དབུ་རྒྱན་དང་སྲིན་གྲི། གླིང་སྤྱི་དཔོན་རྒྱལ་པོའི་གསོལ་ཞལ། དྭངས་སྨན་མཁའ་འགྲོ་མ་རྣམས་ཀྱི་ན་བཟའ་དང་དབུ་ལྗོན་སོགས་དང་། གཞན་ཡང་སྲིད་གསུམ་གཡང་གི་དཔལ་དུ་གྱུར་པའི་གཡང་རྫས་སྣ་ཚོགས། མཐོང་ཐོས་དྲན་རེག་གི་འགྲོ་བ་འབྲེལ་ཚད་དོན་ལྡན་དུ་གྱུར་བའི་མཆོད་རྟེན་མང་པོ། མ་འོངས་བསྟན་འགྲོས་རྒུད་པ་སེལ་བའི་མན་ངག་དང་མཐུ་གཏར་གལ་ཆེན་སོགས་གཏེར་དུ་སྦས་པ་དང་མཆོད་རྟེན་གྱི་གཟུངས་སུ་འབུལ་བ་སོགས་ཅི་རིགས་མཛད་ནས་རབ་གནས་ཉིན་བདུན་རིང་བྱས། ཞེས་གླིང་གི་རྡོ་མཁར་བསང་གི་མ་ཎི་རྡོ་མཁར་གྱི་བྱུང་འཕེལ་ལོ་རྒྱུས་གསལ་བོ་ཞིག་བཀོད་ཡོད་པ་དེ་དང་། གཉིས་ནི་ལོ་འགའི་སྔོན་དུ་སེར་ཤུལ་རྫོང་རིག་དངོས་སྡེ་ཁག་གིས་བསང་གི་མ་ཎི་རྡོ་མཁར་ནས་གཏིང་ཚད་ལ་སྨི་1.5ཅན་གྱི་དོང་ཞིག་བརྐོས་ཏེ་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། ས་འོག་གི་མ་ཎི་རྡོ་བརྐོས་སྟེང་ལེགས་སྦྱར་ཡི་གེའི་ཆོས་དཔེ་བརྐོས་ཡོད་པར་བཤད་ཅིང་། གལ་སྲིད་དེ་ནི་བདེན་པར་སྣང་ན་གནས་ཆེན་གང་དེ་བཞེངས་པའི་ལོ་དུས་གཏན་འཁེལ་བྱེད་པར་ཁོངས་སྣེ་གལ་ཆེན་ཞིག་ཏུ་འདོད་དེ། ལེགས་སྦྱར་གྱི་སྐད་དེ་གཙོ་བོ་བསྟན་པ་སྔ་དར་ཏེ་བཙན་པོའི་རྒྱལ་རབས་སྐབས་སུ་དར་བ་ཡིན་ཞིང་། དུས་རབས་དགུ་པའི་དུས་དཀྱིལ་ཙམ་ལ་བཙན་པོ་འུ་དུམ་བཙན་པོས་བསྟན་པ་བསྣུབས་ཏེ་ནང་བསྟན་མདོ་ཁམས་ཡུལ་དུ་ཁྱབ་པ་དང་། དེ་ནས་དུས་རབས་བཅུ་བའི་རྗེས་སུ་བསྟན་པ་མདོ་ཁམས་ཡུལ་ནས་དབུས་གཙང་ཕྱོགས་སུ་དར་ཞིང་། སྐབས་དེར་སེར་ཤུལ་དང་སྡེ་དགེ དཔལ་ཡུལ་རྫོང་སོགས་ཀྱི་རྒྱལ་མོ་དངུལ་ཆུའི་འགྲམ་རྒྱུད་ནི་བསྟན་པ་ཕྱི་དར་གྱི་ས་ཁུལ་གལ་ཆེ་ཤོས་ཡིན་ཞིང་། བཀའ་རྒྱུད་དང་རྙིང་མ་གྲུབ་མཐའི་བླ་ཆེན་གང་མང་སྟེ་དུས་གསུམ་མཁྱེན་པ་དང་། རིན་ཆེན་དཔལ། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་རྣམས་ཀྱང་གནས་འདིར་འཁྲུངས་པར་བརྟེན། ལོ་རྒྱུས་རྒྱབ་ལྗོངས་ཀྱི་ཐད་ནས་བརྗོད་ནའང་ལེགས་སྦྱར་གྱི་སྐད་དེ་སེར་ཤུལ་ས་ཁུལ་དུ་སྤྱོད་པའི་དུས་ཚོད་ཅུང་སྔ་ཞིང་བསྟན་པ་ཕྱི་དར་གྱི་དུས་མགོ་སྟེ་དུས་རབས་11ནས་དུས་རབས་12བར་ཡིན་པར་འདོད།
མ་ཎི་རྡོ་མཁར་ནི་བོད་རིགས་ས་ཁུལ་དུ་དར་ཁྱབ་ཆེ་བའི་དམངས་ཁྲོད་རིག་གནས་ཤིག་ཡིན་ཞིང་དེ་ཆོས་ལུགས་རིག་གནས་འབྲེལ་བ་ངེས་ཅན་ཡོད་པ་དང་། སི་ཁྲོན་གྱི་སེར་ཤུལ་རྫོང་དང་མཚོ་སྔོན་གྱི་ཡུལ་ཤུལ་སོགས་སུ་དར་ཁྱབ་ཆེན་པོ་བྱུང་འདུག རྒྱུས་ལོན་བྱུང་བ་ལྟར་ན་དེ་ལས་ཁ་ཤས་ནི་བོད་བཙན་པོའི་དུས་སྐབས་སུ་བྱུང་བར་བཞེད་ལ་གེ་སར་རིག་གནས་དང་འབྲེལ་བའང་ངེས་ཅན་ཡོད་པས། དེ་ལ་གནའ་རྗས་རྟོག་ཞིབ་ཀྱི་རིན་ཐང་དང་གེ་སར་ཞིབ་འཇུག་གི་རིན་ཐང་མི་དམན་པ་ལྡན་པར་ངེས་སོ།།