༄༅།། མདོ་སྨད་གཅན་ཚའི་ཁྱད་ལྡན་ལྗང་ཟས་ཏེ་གོར་སྐྱའི་རྒྱུ་ཆས་སྐོར་གླེང་བ།

བཀྲ་གོ རྩོམ་སྒྲིག་པ།ཤེས་བྱ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 05-12


  ལྗང་ཟས་ལ་དབྱིན་ཇིའི་སྐད་དུ་ Green Food” ཟེར་བ་དང་།  རྒྱའི་སྐད་དུ绿色食品ཟེར། བོད་སྐད་དུ་ད་དུང་གཅིག་གྱུར་གྱི་ཐ་སྙད་ཞིག་ཆགས་མེད་པས་ལ་ལས་སྔོ་ལྗང་ཟས་རིགས་ཟེར་བ་དང་།   ལ་ལས་འཚེ་མེད་ཟས་རིགས་དང་ལྷད་མེད་ཟས་རིགས།  ལྗང་མདོག་ཟས་རིགས་ཞེས་གསར་དུ་བསྒྱུར་བཞིན་ཡོད་མོད།  འོན་ཀྱང་འདིར་ལྗང་ཟས་ཞེས་བསྒྱུར་དོན་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཟས་རིགས་དབྱེ་ཚུལ་ལྟར་ན།  དཀར་ཟས་དང་དམར་ཟས་གཉིས་ཀྱི་ཁོངས་སུ་མ་འདུ་བ་ནི་ཕལ་ཆེར་མེད་ཟེར།  དེ་བས་གོར་སྐྱ་ནི་དཀར་ཟས་ཀྱི་ཁོངས་སུ་གཏོགས་ཀྱང་།  དཀར་ཟས་དང་དམར་ཟས་གཉིས་ཀྱི་བར་དུ་གནས་པའི་སྔོ་ལྗང་ཟས་རིགས་ཀྱི་ཐ་སྙད་ཡང་དག་ཞིག་བོད་དུ་ད་དུང་ཆགས་མེད་པ་རེད།  སྤྱིར་ན་དཀར་ཟས་དང་དམར་ཟས་གཉིས་ནི་ཕྱུགས་ཟོག་ལས་བྱུང་བ་དང་།  ལྗང་ཟས་ཕལ་ཆེར་ནི་ས་ཐོག་ནས་སྐྱེས་ཤིང་དུག་རྫས་རིགས་ཀྱི་ལྷད་མི་འདྲེས་པར་ལས་སྣོན་བྱས་ཡོད་པ་སོགས་ཀྱི་མིང་ལ་ལྗང་ཟས་ཞེས་བསྒྱུར་ན་གཅིག་ནས་དཀར་ཟས་དང་དམར་ཟས་གཉིས་ཀྱི་ཚིག་རྐང་ལ་དོ་མཉམ་པ་དང་གཉིས་ནས་ཐ་སྙད་གསར་བ་བཟོ་བཅོས་བྱས་ནས་བོད་ལ་ཐ་སྙད་མེད་པ་ཅན་ནས་ཡོད་པ་ཅན་དུ་བཏང་ཚེ་རིམ་བཞིན་གོམས་ནས་འཐུས་ཚང་ཅན་དུ་འགྱུར་བར་བསམ་སྟེ་ལྗང་ཟས་ཞེས་བརྗོད་པ་ཡིན།  དེ་བས་གཅན་ཚའི་གོར་སྐྱ་ལ་མཚོན་ན། ལས་སྣོན་བྱེད་པའི་རྒྱུ་ཆ་ནི་རྫས་འགྱུར་རིགས་དང་མི་གཙང་བ་ཅི་ཡང་མ་འདྲེས་བར་ལྷད་མེད་དྭངས་གཙང་ཞིག་ཡིན་པའི་རྐྱེན་གྱིས་དེང་རབས་འཛམ་གླིང་མིའི་རིགས་ཀྱིས་འཚོལ་སྙེག་བྱེད་བཞིན་པའི་ལྗང་ཟས་རིགས་ཀྱི་ཁོངས་སུ་གཏོགས་པ་རེད།

དང་པོ། ལྗང་ཟས་གོར་སྐྱའི་ཐོན་ཁུངས་ཀྱི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན།

གྲོ་ཕྱེ་ཐོན་སྐྱེད་བྱེད་དགོས་ན་ཕྱི་ནང་གི་ཆ་རྐྱེན་གང་མང་ཞིག་འཛོམས་དགོས་ཏེ། གལ་ཏེ་ཆ་རྐྱེན་དེ་དག་མ་ལྡན་ན་གྲོ་ཕྱེ་ཡག་པོ་ཡོང་གི་མེད། གྲོ་ཕྱེ་ཡག་པོ་མེད་ཚེ་གོ་རེ་བཟང་པོ་ཞིག་ཐོན་ཐུབ་ཀྱི་མེད། གཤམ་ནས་རེ་རེ་བཞིན་འཆད་ན།

གཅིག  མཁའ་དབུགས་དང་ནམ་ཟླ།

མཚོ་སྔོན་གཅན་ཚ་ནི་ཡུལ་མིང་ཞིག་ཡིན། གཅན་ཚ་ནི་བོད་མི་བུ་རུས་དྲུག་ལས་སྨུག་པོ་ལྡོང་གི་རིགས་ལ་མདོ་སྨད་ཤུལ་ཆེན་བཅོ་བརྒྱད་དང་ཚ་ཆེན་བཅོ་བརྒྱད་སོགས་སུ་དབྱེ་བའི་ཚ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་དུ་གཏོགས་ཤིང་། སའི་ཆགས་དབྱིབས་ཀྱི་དབང་དུ་བྱས་ན་སྲིན་པོ་རིའི་ཉིན་སྲིབ་དང་རྨ་ཆུའི་ཉིན་སྲིབ་ཀྱི་སྤྱི་མིང་ལ་བྱ། ལོ་རྒྱུས་ཐོག་ཏུ་གཅན་ཚ་ཉིན་སྲིབ་གཉིས་སུ་གྲགས་ལ།  དེ་ནི་ས་བབ་དམའ་ཞིང་ཚ་བ་ཆེ་བའི་ས་ཁུལ་ཡིན་པས་གཅན་ཚ་ཞེས་ཟེར་སྲོལ་ཡང་ཡོད། ས་དེའི་ཆེས་དམའ་བའི་རྨ་ཆུའི་འབབ་རྒྱུད་ཀྱི་ས་ཆར་རྒྱ་མཚོ་ངོས་ལས་སྨི་1960དང་ཆེས་མཐོ་བའི་སྲིན་པོ་རྫ་རྒན་གྱི་མཐོ་ཚད་ནི་རྒྱ་མཚོ་ངོས་ལས་སྨི་4614ཡིན། ལོ་ཧྲིལ་བོའི་ཆ་སྙོམས་དྲོད་ཚད་7.8℃དང་། ལོ་ཧྲིལ་བོའི་ཆར་ཆུ་འབབ་ཚད་ཧའོ་རྨིད350ནས400བར་ཡིན། དེའི་རྐྱེན་གྱིས་རང་བྱུང་མཁའ་དབུགས་དྭངས་ཤིང་གཙང་བ་མ་ཟད། ནམ་ཟླ་ཤིན་ཏུ་ལེགས་པ་བཅས་ཀྱི་ཆ་རྐྱེན་ལྡན་པས་འབྲུ་རིགས་སྣ་ལྔའི་ཡོང་འབབ་དང་རྒྱུ་སྤུས་བཟང་པོ་ཡོད།


གཉིས།  ཞིང་ས་དང་ཁྱིམ་ལུད།

གཅན་ཚའི་སྟོད་ན་ཨ་མྱེས་སྲིན་པོའི་རྫ་རི་དགུང་དུ་ཟུག་པ་དང་། སྨད་ན་རྨ་ཀླུང་སྔོན་མོའི་ཆུ་རྒྱུན་ཐུར་དུ་རྒྱུག་པའི་སྟོད་སྨད་རི་དང་ཆུ་ཡིས་བརྒྱན་པའི་སའི་ཡོན་ཏན་ཕུན་སུམ་ཚོགས་པའི་བར་དུ་ཞིང་ས་ཁོད་སྙོམས་ཤིང་མཐའ་ཡས་ལ་ས་གཤིས་ཤིན་ཏུ་ལེགས་ཤིང་ཞིང་ས་གཤིན་པོར་ཡོད་པས།  དུས་ཚིགས་བཞི་བོའི་ནང་དུ་ལོ་ཏོག་གི་འབྲས་བུ་ཐེངས་གཉིས་ལ་བསྡུ་བའི་སྲོལ་ཡང་ཡོད། ཁྱིམ་ལུད་ནི་ར་མ་དང་། མ་མོ། དྲེལ། བོང་བུ། ཁྱུང་དཀར་མཛོ་སོགས་ཀྱི་སྦངས་ཡོད་ལ།ལྷག་པར་དུ་ར་ལུད་རིལ་མ་ནི་ལོ་ལེགས་འབྱུང་བར་ཤིན་ཏུ་བཟང་། ཟས་སྐོར་གཡོས་སྦྱོར་བྱེད་པའི་ཐབ་ཁུང་ནང་གི་ཐལ་ཡང་ཡོད།  གསུམ།  ས་བོན་དང་རྨོན་ཕྱུགས།

གྲོ་ལེགས་པོ་ཞིག་སྨིན་དགོས་ན་ས་བོན་སྤུས་ལེགས་ཤིག་བཙལ་རྒྱུ་ནི་ཧ་ཅང་གལ་ཆེ། དེའི་རྒྱུ་མཚན་ནི་གལ་ཏེ་ས་བོན་གྱི་གྲོ་སྤགས་འགྲངས་པར་མེད་པ་དང་། གྲོ་ཆག  འབྲུ་རྙིང་།  གྲོ་ཡི་ནང་དུ་མི་གཙང་པའི་གད་སྙིགས་བཅས་འདྲེས་པ་ཡིན་ན་གྲོ་ལེགས་པོ་སྨིན་ཐུབ་ཀྱི་མེད། གྲོ་ཡི་ས་བོན་ནི་ཞིང་ས་ཧ་ཅང་བཟང་པོ་ཐོག་གི་ཤོག་ཆེད་དུ་སྡུད་ཅིང་ཟུར་དུ་གཡུལ་བཅག་ནས་འབྲུ་རིགས་གཞན་དང་འདྲེས་སུ་མི་འཇུག་པར་གཙང་མར་ཉར་ཚགས་བྱེད་བཞིན་ཡོད། གལ་ཏེ་དེ་ལྟར་མ་བྱས་པར་གྲོ་ཡི་འགོ་མ་འམ་བཟང་པོ་རང་གི་ཟ་རྒྱུ་དང་།  སྙིགས་མ་ས་བོན་བྱས་ན་འབྲས་བུ་བཟང་པོ་ཐོན་མི་ཐུབ།  ལ་ལས་ས་བོན་ལེགས་པའི་ཆེད་དུ་ལོ་རེར་གྲོ་ཡི་ས་བོན་བརྗེ་རེས་བྱེད་པ་དང་ཐ་ན་ཉོ་ཚོང་ཡང་བྱེད་ཀྱི་ཡོད། རྨོན་ཕྱུགས་ནི་གཙོ་བོ་ཁྱུང་དཀར་མཛོ་ཡིན་ལ། དྲེལ་ཡང་ཡོད། 

བཞི།  དྭངས་གཙང་ཆུ་དང་ཤལ།

སྤྱིར་ན་བོད་ཡུལ་ནི་མཁའ་དབུགས་གཙང་ཞིང་ཆུ་བོ་མང་བོའི་འགོ་ཁུངས་ཡིན་པ་དང་། ལ་ལུང་གང་ས་གང་དུའང་ཆུ་ཕྲན་མང་པོ་རྟག་ཏུ་འབབ་བཞིན་ཡོད། དེ་འདྲའི་ཆུ་གཙང་དེ་ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས་ཏེ་ཞིང་ཐོག་ཏུ་གཏོང་བཞིན་ཡོད་པས་ཆུ་རྙོག་དང་བ་ཚྭའི་དྲི་ངན་དང་མི་འདྲེས་བས་ལོ་ཏོག་ལ་ཤིན་ཏུ་ཕན་ལ། ཞིང་ནང་དུ་ཆུ་གཏོང་བར་རིམ་པ་དུ་མ་ཡོད་དེ། སྐྱ་ཆུ།  རྡུལ་ཆུ།  ལན་ཆུ།  སྲུས་ཆུ་སོགས་ཡོད།  ཤལ་ནི་ཞིང་ལ་ཆུ་བཏང་ནས་བདུན་ཕྲག་གཅིག་ལྷག་འགོར་ཚེ་ས་ཅུང་ཙམ་སྐམ་པོར་གྱུར་ཡོད་དུས། མཛོ་ལ་སོགས་པར་ཤལ་ཤིང་འཐེན་དུ་བཅུག་ནས་ལོ་ཏོག་སྐྱེས་པར་གེགས་བྱེད་པའི་འོ་ཐོ་རྣམས་ཞིབ་མོར་བཏང་བ་མ་ཟད། དེ་ལ་ཞིང་ས་སྙོམས་པོར་གཏོང་བའི་དགེ་མཚན་ཡོད།


ལྔ།  ཡུར་མ་དང་ཞིང་འབྲེག

ཡུར་མ་ནི་སྐྱེས་མ་རྣམས་ཀྱིས་ཞིང་ནང་དུ་མྱུ་གུ་འབུས་པ་ནས་བཟུང་སེར་པོར་གྱུར་ནས་འབྲས་བུ་བསྡུ་ལ་ཉེ་བའི་བར་དུ་ཐེངས་འགར་ཡུར་ཏེ་ལོ་ཏོག་སྐྱེས་པར་གེགས་བྱེད་པའི་ལྡུམ་བུ་རིགས་མང་པོ་རེ་རེ་བཞིན་གཙང་མར་བལ་ནས་ཕོན་པོར་བསྡམས་ནས་ཡུལ་ལ་ཁྱེར་ཏེ་ཟོག་ལ་སྟེར་བཞིན་ཡོད། དེ་ནི་དུས་ཚོད་གཅིག་དང་གཉིས་ཙམ་ལ་ལས་པ་ཞིག་མིན་པར་ཧ་ཅང་གཞི་རྒྱ་ཆེ་བ་མ་ཟད། སྡེ་བ་དང་ཚོ་བ་མི་གཅིག་པ། ཉེ་དུ་བཅས་ཕན་ཚུན་ལས་སྡེབ་བྱས་ནས་མི་མང་པོ་མཉམ་དུ་འདུས་ནས་གཟབ་ནན་གྱིས་ཡུར་བ་མ་ཟད། དེར་རིམ་པའང་འགའ་ཡོད་དེ། ཁེར་ཡུར་དང་། ཉིས་ཡུར། མགོ་ཕྱུང་བཅས་ཡོད། ཞིང་ནི་མིས་ཟོར་བ་བརྟེན་ནས་འབྲེག་བཞིན་ཡོད།


བདུན།  ཐང་མ་དང་བསྡུ་ཉར།

གནམ་ངོ་དྭངས་ཤིང་ཚ་བ་ཆེ་བའི་དུས་སུ། གྲོ་རྣམས་གཡུལ་ཁའི་ནང་དུ་བཀྲམ་ནས་སྐམ་བཞིན་ཡོད་པ་དེ་ལ་ཐང་མ་བརྡལ་བ་ཟེར། གྲོ་གཡུལ་ཁའི་ནང་དུ་ཧ་ཅང་སྲབ་མོར་བརྡལ་པ་དེ་ལ་རྐང་ཤུལ་བརྒྱབ་ནས་སྟེང་འོག་ཐེངས་མང་པོར་བརྗེས་ནས་དུས་ཚོད་ཉིན་གཅིག་ནས་གཉིས་ལ་སྐམ་ཚེ། སོ་ཡིས་བལྡད་ན་འབྲུ་རིགས་སྐམ་སྒྲ་གྲགས་དུས་ད་གཟོད་ཡང་བསྐྱར་ཁེམ་གྱི་གནམ་ལ་འཕངས་ནས་ས་རྡུལ་དང་ཕུབ་མ་རྣམས་རླུང་ལ་སྤུར་ནས་གཙང་མར་བྱེད་བཞིན་ཡོད།

འབྲུ་རིགས་ཉར་ཚགས་བྱ་རྒྱུ་དེ་ཧ་ཅང་གཙོ་བོ་ཞིག་ཡིན། གལ་ཏེ་གྲོ་དེ་མ་སྐམ་པར་བསྡུ་ཉར་བྱས་ཚེ། གྲོ་ཡི་ཁ་མདོག་འགྱུར་བ་དང་ཡུན་རིང་འགོར་ན་རུལ་ནས་དྲི་ངན་བྲོ་བ་བཅས་ཀྱི་སྐྱོན་ཞུགས་སླ། འབྲུ་རིགས་འཇོག་པའི་ས་ནི་བརླན་གཤེར་མི་ལྡན་པའི་ཁང་བ་ཞིག་ཡིན་དགོས་ལ། སྣོད་ནི་ས་ཡིས་གྱང་རྡུང་ནས་སྒམ་གྱི་དབྱིབས་དང་འདྲ་བ་ལས་པ་དེར་ས་མཛེས་ཟེར་ཞིང་། དེ་ཤིང་སྒམ་དང་། རྫ་མ་སོགས་སུ་ འཇོག་སྲོལ་ཡོད། གྲོ་སྒམ་དང་ས་མཛེས་སོགས་སུ་ལྡུགས་སྐབས། གྲོ་ཉི་མར་སྐམ་ནས་ཅུང་ཙམ་ཚ་མོ་ཡོད་པ་དེ་འཁྱགས་སུ་འཇུག་དགོས། གལ་ཏེ་དེ་ལྟར་མ་བྱས་ཚེ་གྲོ་ལ་སྤ་བཟུང་ནས་བརླགས་ཉེན་ཆེ།

བརྒྱད།  ཆུ་རང་དང་ཕྱེ་འཐག

ཆུ་རང་བོད་དུ་དར་དུས་ནི་བར་གྱི་ལེགས་དྲུག་གི་ཐོག་མ་ཨེ་ཤོ་ལེགས་ཀྱི་རིང་ནས་བྱུང་ཡོད་པར་གྲགས། དེ་ནི་ས་ལ་ཡུར་བ་བརྐོས་ནས་ཆུ་དྲངས་ཤིང་ཆུ་ཤུགས་བེད་སྤྱོད་བྱས་ཏེ་མཆིག་སྐོར་ཞིང་ཡོས་འཐག་པ་ལ་རང་འཐག་ཅེས་ཟེར་ཞིང་། ཆུ་རང་ལས་འཐག་པའི་ཕྱེ་ནི་ཧ་ཅང་ཞིབ་མོ་ཞིག་མིན་པས་ལ་ཙར་བརྒྱབ་ནས་ཡང་ཡང་བཙགས་ཏེ་ཞིབ་མོ་རྣམས་ལེན་པ་དང་རགས་མོ་རྣམས་ཟུར་དུ་དགར་ནས་ཕྱུགས་ཟོག་ལ་སྟེར་བཞིན་ཡོད།


གཉིས་པ།   གོར་སྐྱ་བཟོ་བྱེད་ཀྱི་འབུད་ཤིང་གི་རིགས།

གོར་སྐྱ་སྲེག་སྐབས་འོ་ཐོ་འཚིག་པར་འབུད་ཤིང་ནི་ངེས་པར་དུ་དགོས་པ་མ་ཟད། རྒྱུ་སྤུས་ཀྱང་ཧ་ཅང་ལེགས་པོ་ཡིན་དགོས། དེ་བས་ཡུལ་གྲུ་འདིར་མཚོན་ན་རྒྱལ་ཁབ་རིམ་པའི་ལྗོངས་རྒྱུའི་ཡུལ་ཁམས་གཙོ་བོའི་གྲས་སུ་གཏོགས་པའི་ཁམས་རའི་ནགས་ཚལ་ཏེ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་78.47ལྷག་ཡོད་པ་དང་། སྡོང་པོ་དང་རྩི་ཤིང་གི་རིགས་800ལྷག་ཡོད། གཞན་ཡང་ཡུལ་གྲུ་མང་པོར་རང་བྱུང་གི་ནགས་ཚལ་སྟུག་པོར་སྐྱེས་པ་གང་མང་ཡོད་ཀྱང་མེ་ལ་འབར་བའི་རྗེས་ཀྱི་དྲི་མ་མི་བཟང་བའི་ཤིང་བཞག་ན་གོ་རེའི་དྲི་མ་མི་ཞིམ་པས་དགོས་ངེས་བུད་ཤིང་གི་དྲི་མ་ཧ་ཅང་བཟང་པོ་ཡིན་དགོས་པས་འབུད་ཤིང་དེ་དག་གི་ནུས་པ་རེ་རེ་བཞིན་འཆད་ན།

ཀ  སྟག་པ།

སྟག་པ་ནི་སྲ་ཤིང་ཡིན་ལ་འབར་ཤེད་ཆེ་བས་འོ་ཐོ་ཡར་འདེགས་པའི་ནུས་པ་ཆེ་ལ།  དེའི་ཕྱི་ཤུན་གྱི་མདོག་ནི་དམར་པོ་ཡིན་ལ་ཅུང་ཙམ་རྩུབ་པོར་ཡོད། སྟག་པ་དང་ཁིས་པ་གཉིས་ནི་ཕོ་ཤིང་དང་མོ་ཤིང་ཡིན་པས་བསྣོལ་མར་བསྲེས་ནས་བཞག་ན་མེ་ཤེད་ཆེ་བའི་བཤད་ཚུལ་ཡོད།

ཁ  ཁིས་པ།

ཁིས་པ་ནི་ཅུང་ཙམ་ཕྲ་ཞིང་འབར་ཤེད་ཆེ་ལ་སྲ་མཁྲེགས་ལྡན་པས་འོ་ཐོ་ཡར་འདེགས་པར་ནུས་པ་འདོན་ཐུབ་པ་དང་། ཕྱི་ཤུན་ནི་དམར་པོ་ཡིན་ལ་འཇམ་པོར་ཡོད།

ག  གསོམ་པ།

གསོམ་པ་ནི་སྟག་པ་དང་ཁིས་པ་སོགས་ལ་བསྡུར་ན་སྲ་མཁྲེགས་མི་ཆེ་ཡང་འབར་ཤེད་ཆེ། འབུད་ཤིང་གི་ཁྲོད་དུ་གསོམ་པ་ཅུང་མོད་པོ་ཡོད་པས་བཀོལ་སྤྱོད་བྱེད་ཚད་ཅུང་ཙམ་མང་།

ང  དབྱར་བ།

དབྱར་བ་ནི་ས་ཆ་གང་སར་སྐྱེས་ཡོད་ལ་སྐྱེས་སྟོབས་ཤིན་ཏུ་མགྱོགས་པས་རི་ལུང་མང་པོར་ཁེངས་ཡོད། དེ་བས་རྒྱུན་ལྡན་གྱི་འབུད་ཤིང་གི་ཁྲོད་དུ་བཀོལ་སྤྱོད་བྱེད་པ་ཧ་ཅང་ཆེ་ཞིང་འབར་སླ་ལ་ཤིང་སྲ་མཁྲེགས་ཅན་མིན་པས་སྤྱིར་བཏང་གི་ས་སྲེག་ལ་མ་གཏོགས་བཀོལ་བ་ཉུང་།

ཅ  ཚེར་མ།

 ཚེར་མ་ནི་རི་མགོར་སྐྱེས་པའི་རྩི་ཤིང་ཞིག་ཡིན་ཞིང་། དེ་སྔ་མོ་ནས་བྲེགས་ཏེ་སྐམ་དུ་བཅུག་རྗེས། ས་ཚིག་ནང་དུ་བཏུམས་ནས་མེ་ལ་སྒྲོན་ན་འབར་ཤུགས་ཧ་ཅང་ཆེ་བས་ས་འཚིག་པར་ཕན་ཐོགས་ཆེ།

ཆ  རྩྭ་སྐྱ།

རྩྭ་ནི་གྲོ་ནས་གཡུལ་ལ་བཅག་ནས་བྱུང་བ་དེ་ས་ཚིག་ལས་པའི་ཐབ་ཁུང་ནང་དུ་དུས་ཚོད་སྐར་མ་ཉི་ཤུ་ལྷག་ལ་བུས་ན་བུད་ཤིང་དང་འོ་ཐོ་ཆེས་ཆེར་འཚིག་པར་ནུས་པ་ཐོན་ཐུབ།

ཇ  ཕུབ་མ།

ཕུབ་མ་ནི་ས་ཚིག་མེ་ལ་སྒྲོན་པའི་རྗེས་སུ། ས་ཚིག་ཧྲིལ་བོ་མཐུག་པོར་བཏུམས་ནས་ཕྱི་ངོས་ཀྱི་འོ་ཐོ་ཚིག་པར་བྱེད་ལ་མེ་ཤེད་ཕྱི་རུ་ཤོར་དུ་མི་འཇུག་པའི་ཆེད་དུ་ཡིན།

གསུམ་པ།  གོར་སྐྱ་བཟོ་བྱེད་ཀྱི་འོ་ཐོའི་རིགས།

འོ་ཐོ་ནི་ས་གང་ཡིན་གྱི་མི་ཆོག་པར་ས་དཀར་དང་སྤང་ཐོ་ཅུང་སྙི་མོ་ཡིན་དགོས། དེ་ནི་གད་པ་ཆད་པའི་ངོས་སྐམ་པོ་ནས་གཞོར་གྱི་སློག་པའམ་ཡང་ན་ཞིང་ནང་གི་ས་རོག་སྐམ་པོ་དེ་དག་ཡིན་དགོས། གལ་ཏེ་བ་ཚྭ་དང་རྡོ་ཟེགས་སོགས་འདྲེས་པའི་འོ་ཐོ་ཡིན་ཚེ་གོ་རེ་སྲེག་ན་ཚོས་ཁོག་མི་ལོན་པ་སོགས་ཀྱི་སྐྱོན་ཞུགས་སླ་བའི་ཁྱད་ཆོས་ཡོད་པས་རེ་རེ་བཞིན་འཆད་ན།

ཀ  ས་དཀར་གྱི་འོ་ཐོ།

ས་དཀར་གྱི་འོ་ཐོ་ནི་འཇམ་པོ་འོ་མ་དང་འདྲ་བ་ཞིག་ཡིན་ཞིང་།  དེ་ནི་གད་པ་ཆད་པའི་ངོས་སྐམ་པོ་ནས་འཇོར་གྱི་སློག་ནས་འོ་ཐོ་དུམ་བུར་བཅད་པ་དེ་ཉི་མར་ལྡེ་སྟེ་སྐམ་བཞིན་ཡོད་པ་མ་ཟད། འོ་ཐོ་ཡི་ནང་ནས་མཆོག་ཏུ་གྱུར་བ་ཞིག་ལ་རྩི་བཞིན་ཡོད།

ཁ  ཞིང་ནང་གི་འོ་ཐོ།

ཞིང་ནང་གི་འོ་ཐོ་ནི་སྟོན་མཇུག་ལོ་ཏོག་བསྡུས་བའི་རྗེས་སུ། རྨོན་པ་དོར་བསྡེབས་ནས་ཞིང་ལ་ལོག་བརྒྱབ་ཡོད་པ་དེ་དགུན་ཁར་འོ་ཐོར་གྱུར་པ་མང་། ལོ་གསར་ལ་ཉེ་བའི་སྔོན་དུ་སླེ་བོ་སོགས་ཀྱི་ནང་དུ་སྐྱེལ་འདྲེན་བྱས་ནས་ཁྱིམ་གྱི་སྒོ་ཁར་ཉི་མར་ལྡེས་བཞིན་ཡོད། 

ག  སྤང་ཐོ།

སྤང་ཐོ་ནི་སྤང་སྔ་མོར་བཅད་ནས་ཆར་མི་འབབ་པའི་ཁྱིམ་གྱི གནས་ཞིག་ཏུ་བརྩིགས་ནས་དུས་ཚོད་མང་པོར་འཇོག་བཞིན་ཡོད། འོ་ཐོ་དེ་ནི་ས་དཀར་དང་ཞིང་ནང་གི་འོ་ཐོ་གང་ཡིན་གྱི་ནང་དུ་ཉུང་ཙམ་བསྲེས་ན་འོ་ཐོ་འཚིག་པར་རམ་འདེགས་ཆེས་ཆེར་བྱེད་ཐུབ་པ་ཡིན། 

ང  ས་ནག་གི་འོ་ཐོ།

ས་ནག་གི་འོ་ཐོ་ནི་མེ་ཤེད་ཤིན་ཏུ་ཆེ་བས་གོ་རེ་འཚིག་པ་དང་སེར་ག་གས་བ་བཅས་ཀྱི་སྐྱོན་ཞུགས་སླ་བར་མ་ཟད།  གོ་རེའི་ཁ་མདོག་ཀྱང་ཅུང་ཟད་འགྱུར་གྱི་ཡོད་པས་འོ་ཐོའི་ནང་དུ་ཐ་མར་རྩི་བཞིན་ཡོད།

བཞི་བ།  གོར་སྐྱ་བཟོ་བྱེད་ཀྱི་ཡོ་བྱད་སྐོར།

དེང་གི་དུས་འདིར་གོ་རེ་བཟོ་པའི་ལག་རྩལ་དང་ཡོ་བྱད་ལ་འགྱུར་ལྡོག་བྱུང་ཡོད་པ་སྟེ། ལྕགས་རིགས་ཀྱི་ནང་དུ་བསྲེགས་པའི་གོ་རེ་དེ་ནི་སྲེག་རྩལ་ཧ་ཅང་མྱུར་ཞིང་སྟབས་བདེ་ཡིན་པ་དང་། མིག་ལ་མཛེས་པས་ཡིད་འཕྲོག་པའི་ནུས་པ་ལྡན་ཡང་ལྕགས་ཀྱི་དྲི་མ་ཅུང་ཙམ་ཁ་བ་དང་། བུད་ཤིང་གི་མེ་ལ་བརྟེན་ནས་ཟ་མ་གཡོས་སྦྱོར་བྱས་པའི་བྲོ་བ་དེ་གློག་དང་རྡོ་སོལ་སོགས་བཀོལ་ནས་གཡོས་སྦྱོར་བྱས་པ་ལས་ཞིམ་མངར་ཆེ།   དེ་བས་མཚོ་སྔོན་གཅན་ཚའི་ཡུལ་གྱི་གོར་སྐྱ་བཟོ་བའི་ཡོ་བྱད་ནི་རང་གི་ཉེ་འཁོར་ན་རྒྱུན་དུ་ཡོད་པའི་མི་གཙང་བའི་རྫས་གང་གིས་ཀྱང་མ་ལྷད་པའི་རང་བྱུང་གི་དངོས་པོ་དག་ཡིན། ཡོ་བྱད་དེ་དག་རགས་ཙམ་བརྗོད་ན།

ཀ  འོ་རྡུང་དང་ཁེམ།

འོར་རྡུང་ནི་འོ་ཐོ་ཚིག་ནས་དམར་པོར་གྱུར་བ་དེ་ཞིབ་མོར་རྡུང་བྱེད་ཡིན། ལྕགས་ཁེམ་ནི་འོ་ཐོ་ཚིག་ནས་དམར་པོ་མེ་དང་འདྲ་བར་གྱུར་བ་ཡང་ཡང་རྡུང་ནས་ཞིབ་མོར་བཟོས་ཏེ་ཕྱེ་སྐྱུར་གོ་རེ་ཐོག་ཏུ་འཕེན་བྱེད་ཅིག་ཡིན།

ཁ  ཤིང་ལེབ་དང་འཁན་པ།

ཤིང་ལེབ་ནི་ཕྱེ་སྐྱུར་བརྫིས་ནས་གོ་རེའི་དབྱིབས་སོགས་བཟོ་བར་བྱེད་པའི་སྡོང་གཏུན་ལེབ་མོར་དྲས་པ་ཞིག་ཡིན། འཁན་པ་ནི་རི་འགོར་སྐྱེས་པའི་རྩི་ཤིང་གཙང་མ་ཞིག་ཡིན་པ་དང་དྲི་མ་ཧ་ཅང་ཞིམ་པས་བསང་རྫས་སུ་བཀོལ་ལ། དེ་ནི་ལྭ་བ་འཚེམ་པའི་ཁབ་དང་འདྲ་བའི་སྦོམ་ཕྲ་ཞིག་གིས་རྔ་དབྱིབས་སུ་བཟོས་ཡོད་པའི་ཕྱེ་སྐྱུར་ས་ཚིག་ནང་དུ་མ་འཕངས་པའི་སྔོན་ལ་ཡང་ཡང་གཙགས་ནས་སྲེག་ན་གོ་རེ་ཡར་སྦོས་བ་དང་སེར་ཀ་མི་གས་པའི་ཆེད་དུ་ཡིན།

ག  བརྡལ་རིལ་དང་གོར་འབྲད།

བརྡལ་རིལ་ནི་ཕྱེ་སྐྱུར་བརྫིས་ནས་རིལ་རིལ་བྱས་པ་དེ་ཆ་སྙོམས་པོར་གོར་གོར་བྱས་ཏེ་བརྡལ་བྱེད་ཅིག་ཡིན། གོར་བྲད་ནི་རྡོ་རྩུབ་མོོ་ཞིག་སྟེ་གོ་རེ་བསྲེགས་པའི་སྟེང་ཕྱོགས་དང་མཐའ་ཁ་མེ་ཡི་ཚིག་པ་སོགས་ཡང་ཡང་བྲད་ནས་གཙང་མར་བྱེད་སྤྱད་ཅིག་ཡིན།

ལྔ་པ།  གོར་སྐྱའི་རྒྱུ་ཆ་སྐོར།

མཚོ་སྔོན་གཅན་ཚའི་ཡུལ་ནི་རྨ་ཀླུང་སྔོན་མོའི་འགྲམ་རྒྱུད་དུ་ཆགས་ཤིང་། ཞིང་ཕྱུགས་གཉིས་ལས་གཙོ་བོ་ཞིང་ལས་གཉེར་བ་དང་། གྲོ་ཡི་ཐོན་ཁུངས་ཧ་ཅང་མོད་པོ་ཡོད་པའི་རྐྱེན་གྱིས་གོ་རེ་བཟོ་རྒྱུ་དེ་བཟའ་བཅའི་ནང་གི་གཙོ་གྲས་ཤིག་ཡིན་པས་གོ་རེ་བཟོ་རྒྱུ་དེ་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བ་ཞིག་ཡིན།

ཀ  ཕྱེ།

ཕྱེ་ནི་འབྲུ་རིགས་སྣ་ལྔའི་ནང་གི་གྲོ་རང་འཐག་ལ་འཐག་ནས་ཞིབ་མོར་བཏང་བ་དེ་ཡིན།

ཁ  སྐྱུར་རྟ།

སྐྱུར་རྟ་ནི་དང་ཐོག་ཕྱེ་ཡི་ནང་དུ་དར་བ་ཅུང་ཙམ་བླུགས་པ་རུ་རྟ་བྱས་པའི་རྨང་གཞིའི་སྟེང་ནས་ཕྱེ་སྐྱུར་བསྒྲུངས་པ་དེ་ཡིན།

ག  ཆུ།

ཆུ་ནི་ཕྱེ་དང་སྐྱུར་གཉིས་འདྲེས་སྦྱོར་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན་པས། དེ་ནི་གཙོ་བོ་ཕྱེ་ཡི་མང་ཉུང་ལ་ལྟོས་ནས་ཚོད་འཛིན་བྱེད་ཀྱི་ཡོད།

ང  ཙག་ཀ

ཙག་ཀ་ནི་རི་མགོར་སྐྱེས་པའི་ལྡུམ་བུའི་རིགས་ཤིག་ཡིན།  དབྱར་ཁར་སྐྱེས་ཤིང་།  དགུན་ཁར་སྐམ་ནས་མདོག་དཀར་པོ་གྱུར་བ་དེ་ལ་མེ་སྒྲོན་པ་ན་སྒྲ་ཙག་ཙག་ཅེས་འབར་པའི་མིང་ལ་ཙག་ཀ་དང་།  ལ་ལས་མེ་ལ་འབར་བའི་རྗེས་ཀྱི་ཐལ་ཙག་ནས་ཙག་ཀ་ཡང་ཟེར།  སྔོན་གྱི་དུས་སུ་མི་རྣམས་ཀྱིས་ཙག་ཀ་སྐམ་པོ་བཏུས་ནས་མེ་ལ་བུས་པའི་ཐལ་རྡུལ་སྣོད་ཀྱི་ནང་དུ་གསོག་འཇོག་བྱས།  དེར་ཆུ་བླུགས་ནས་ཡུད་ཙམ་འགོར་བ་ན་སྙིགས་རོ་རྣམས་ཞབས་སུ་ཆགས་ནས་ཆུ་དྭངས་མོར་གྱུར་བ་དེ་ཕྱེ་ཡི་ནང་དུ་ཅུང་ཙམ་བསྲེས་ནས་བརྫིས་ན་ཕྱེ་ལངས་བའམ་སོབ་སོབ་ཏུ་འགྱུར་བར་ཕན་ནུས་བཟང་བོ་ཐོན་ཐུབ། 

མདོར་ན། གཅན་ཚའི་གོར་སྐྱ་བཟོ་བའི་རྒྱུ་ཆ་ནི་གྲོ་ཕྱེ་དང་། སྤོ་ཐོ་འཚིག་པར་བྱེད་པའི་བུད་ཤིང་། ཕྱེ་སོབ་ཏུ་འཇུག་པར་བྱེད་པའམ་དྲི་མ་ཞིམ་པོར་སྒྱུར་བྱེད་ཀྱི་བུལ་ཏོག  གད་པ་བརྐོས་ནས་བྱུང་བའི་སྤོ་ཐོ་སོགས་ནི་རྫས་འགྱུར་གྱི་རིགས་གང་ཡང་འདྲེས་མེད་པས།  ལྷད་མེད་རྒྱུ་ཆ་དེ་དག་ལས་བསྲེགས་པའི་གོར་སྐྱ་ནི་ཟོས་ན་ཁ་ལ་ཞིམ་པ། ཉིན་མང་པོ་འགོར་ཡང་ཟོས་ན་ཕོ་བར་འཕྲོད་པ།  འགལ་རྐྱེན་ཅི་ཡང་མེད་ཕྱིར་མི་རྣམས་ཀྱིས་བསྟོད་བསྔགས་བྱས་དང་བྱེད་བཞིན་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1