ནམ་ཞིག་ང་རང་འཆི་བས་ཁྲིད་དེ་འགྲོ། །
ཚེ་ཡི་རྫོགས་ཚིག་འབྲི་བཞིན་ག་ལེར་འགྲོ། །
ནམ་ཞིག་ང་རང་རི་ལ་ཡིབས་ཏེ་འགྲོ། །
ཉི་འོད་ལ་མོའི་སྒང་ནས་བརྒལ་དང་མཚུངས། །
ནམ་ཞིག་ང་རང་ཁྱོད་དང་བྲལ་ཏེ་འགྲོ། །
སྨྲེང་བའི་ཕྱི་མིག་ཚུར་ལ་འཕེན་བཞིན་འགྲོ། །
དེ་དུས་ཉེ་དུ་སོགས་ཀྱང་བཤུམས་པར་བྱེད། །
དེ་དུས་ང་ཡང་ལྐོག་ནས་ངུ་བར་རྩོམ། །
ཚེ་རབས་དུ་མའི་ལས་སྐལ་འཕྲོད་པས་ན། །
མི་དག་འཁོར་བའི་པང་ནས་ལྷན་དུ་འདུ། །
སྐྱེ་བ་དུ་མའི་སྡིག་སྒྲིབ་ལྕི་བས་ན། །
འོ་སྐོལ་སྐྱོ་གར་འཁྲབ་བཞིན་སོ་སོར་གྱེས། །
དགའ་སྐྱོའི་ཆུ་རླབས་འཁྱིལ་བའི་གཙང་འགྲམ་ནས། །
འུ་གཉིས་མཚར་སྡུག་དང་བཅས་གདོང་ཐུག་བརྒྱབ། །
སྐྱོ་བའི་རི་དར་འགུལ་བའི་རྫ་སྒང་ནས། །
སླར་ཡང་ཞེན་ཆགས་དང་བཅས་བྲལ་བར་ངེས། །
དེ་ནི་འཁོར་བས་འཁྲབ་པའི་ཟློས་གར་རམ། །
ཡང་ན་ང་ཚོར་བསླངས་བའི་ཀུ་རེ་ཡིན། །
དེ་ནི་ང་ཚོས་ང་ཚོར་བཞག་པ་ཡི། །
བག་ཆགས་ནང་གི་ལན་ཆགས་ལྕི་མོའོ། །