༄།།སྭསྟི་བྷ་བ་ཏུ། ཕྱི་ལྟར་འཇིག་རྟེན་དབང་ཕྱུག་ཕོ་བྲང་སྟེ། །ནང་དུ་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་དངོས། །གསང་བ་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་མཆོག །གནས་ཆེན་ཁྱད་པར་འཕགས་ལ་ཕྱག་བགྱིའོ། །དེ་ཡང་གནས་ཆེན་འཇང་རི་སྨུག་པོར་གྲགས་པ་འདི་ཡི་ལོ་རྒྱུས་ཅུང་ཟད་བརྗོད་ན། འཛམ་བུའི་གླིང་དུ་གནས་ཆེན་པོ་ཉེར་བཞི་དང་ཡུལ་ཆེན་པོ་སོ་གཉིས་ཐམས་ཅད་རྩོད་དུས་ཀྱི་ཐོག་མར་འཁོར་ལོ་བདེ་མཆོག་གིས་དྲག་པོ་ཆུང་མ་དང་བཅས་པ་འདུལ་བའི་ཚེ་བྱིན་གྱིས་བརླབས་པས་སྤྱོད་པ་སྐྱོང་བའི་གནས་ཆེན་དུ་གྱུར་ཅིང་། དེ་དག་དངོས་དང་ཡན་ལག་ཉིང་ལག་དུ་མས་འཛམ་གླིང་ཐམས་ཅད་ཁྱབ་པའི་ཕྱིར། གནས་ཆེན་འདི་ཡང་དེ་དག་ཏུ་གཏོགས་སམ་སྙམ་སྟེ། སྔོན་ཚེ་ཡུལ་འདིར་རྒྱ་གར་གྱི་རྒྱལ་པོས་དབང་བསྒྱུར་ཅིང་དེ་དུས་གྲུབ་པའི་སློབ་དཔོན་མང་དུ་བྱོན་ཅིང་བྱིན་གྱིས་བརླབས་པ་ནི། ཏའི་ལིའི་ཕྱོགས་སུ་རྒྱ་གར་གྱི་རྡོ་རིང་གི་ཡི་གེ་མཐོང་བ་དང་གནས་འདིའི་ཉེ་སྐོར་རྣམས་ནས་བདེ་མཆོག་གསང་འདུས་ཕུར་པ་སོགས་ཀྱི་ཕུར་གདབ་ཀྱི་ལྷའི་སྐུ་བརྙན་དང་སྔགས་ཀྱི་དམ་ཚིག་རྡོ་རྗེ་སོགས་རྫས་ཁྱད་པར་ཅན་མང་པོ་ས་འོག་ནས་ད་ལྟའང་ཐོན་པ་བཅས་རྗེས་དཔག་ཚད་མས་ཤེས་པ་ནུས་ལ། དེའི་བྱེ་བྲག་ཇི་ལྟ་བུ་ཡིན་པ་ཁ་ཚོན་གཅོད་པར་མི་ནུས་ཀྱང་། སྤྱིར་རང་ཉིད་ཀྱི་བསམ་ཚོད་མོས་བློས་ཡར་གཞལ་ཙམ་ལ། ཕྱི་ལྟར་ནི་སྤྱན་རས་གཟིགས་ཀྱི་ཕོ་བྲང་གི་རྣམ་པ་ཡིན་ཏེ། འཛམ་བུའི་གླིང་དུ་ཐོག་མར་གནས་ཡུལ་ཐམས་ཅད་དབང་ཕྱུག་གིས་བདག་ཏུ་བྱས་ཤིང་དབང་ཕྱུག་དེ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པར་མདོ་ཟ་མ་ཏོག་དུ་གསུངས་པ་དང་། འཇིག་རྟེན་དབང་ཕྱུག་ཀརྨ་པས་ཀྱང་གོང་མས་བྱིན་གྱིས་བརླབས་པའི་གནས་ཡིན་པར་ལུང་བསྟན་པས་ཀྱང་ཤེས་པར་ནུས་ལ། ཁོ་བོའི་འཁྲུལ་སྣང་ལའང་ཤར་ཕྱོགས་སྤུངས་རིའི་གནས་ཡིན་ནོ་སྙམ་པ་བྱུང་བ་བཅས་ཀྱི་དོན་དེར་སྣང་བའོ། །ནང་ལྟར་འཁོར་ལོ་བདེ་མཆོག་གི་གནས་སུ་རུང་སྟེ། ཁོ་བོ་གནས་སུ་ཆས་པའི་ཚེ་བདེ་མཆོག་གི་སྐུ་བརྙན་བྱིན་ཅན་སྟེར་མཁན་བྱུང་བ་དང་། གནས་སུ་བསྡད་པའི་རྨི་ལམ་དུའང་བདེ་ཕག་གི་དཀྱིལ་འཁོར་སུག་བྲིས་སུ་བསྟར་ཞིང་བུད་མེད་མང་པོས་གྲོགས་བྱེད་པ་བྱུང་བ་དང་གོང་བཤད་ཀྱི་རྒྱུ་མཚན་དེ་དག་གིས་ཀྱང་ཤེས་པར་ནུས་སོ། །གསང་བ་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ་གྱུར་པ་སྟེ། ཁོ་བོའི་རྨི་ལམ་དུ་གནས་དེའི་བདག་པོ་གཙོ་བོར་གྱུར་པ་བུད་མེད་མི་ལས་འདས་པ་ཞིག་གོ་སྙམ་པ་བྱུང་བ་དང་། རིའི་དབྱིབས་ཆོས་འབྱུང་ཉིས་བརྩེགས་ཀྱི་རྣམ་པར་སྣང་བ་དང་། རྣལ་འབྱོར་མ་རྒྱུད་ཀྱི་གནས་ཀྱི་མཐར་ཐུག་དེར་སྣང་བའི་ཕྱིར་རོ། །དེས་ན་སྤྱན་རས་གཟིགས་དང་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་བསྐྱེད་རྫོགས་ཉམས་སུ་བླངས་པ་དང་། ཁྱད་པ་སྙིང་པོའི་དོན་གྱི་རྣལ་འབྱོར་ནཱ་རོ་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པའི་གནས་ཁྱད་པར་ཅན་ཡིན་ནོ། །གཞན་ཡང་གྲུབ་པའི་ཕུག་དང་རང་བྱོན་གྱི་ལྷ་སྐུ་ལ་སོགས་པ་ནི་ཆེས་མང་བ་དག་ཕྱོགས་སུ་ཡོད་པར་སྣང་བ་རིམ་བཞིན་གསལ་བར་འགྱུར་ཞིང་འདིར་ནི་ཡི་གེ་མང་བ་དང་རེ་ཞིག་སྐབས་སུའང་མ་བབས་པས་སྤྲོས་པ་སྐྱུངས་བ་ཡིན་ནོ།། དེ་ལྟར་གནས་ཆེན་འཇང་རི་སྨུག་པོའི་རྟོགས་བརྗོད་ཅུང་ཟད་གླེང་བ་ནི། གནས་དང་རྗེས་སུ་འབྲེལ་བའི་གསང་སྔགས་དགའ་ཚལ་གྱི་ཞབས་ཏོག་ལ། ཀརྨ་མི་བསྐྱོད་དང་ཀརྨ་དཔལ་དབྱངས་གཉིས་ཀྱིས་ནན་དུ་བསྐུལ་བའི་ངོར་བསྟན་པའི་ཉིན་བྱེད་ཀྱི་སྤེལ་བ་མངྒ་ལཾ།ཞེས་པ་ལྟའོ། །དེ་ལྟར་འཇང་ས་ཐམ་རྒྱལ་པོ་དང་ཀཾ་ཚང་ཡབ་སྲས་བར་གྱི་འབྲེལ་བ་ནི་ཡོན་མི་ཆིང་རྒྱལ་རབས་གསུམ་གྱི་རིང་ལས། འབྲེལ་བ་ཆེས་ཟབ་ཞིང་དམ་པ་ནི་མིང་རྒྱལ་རབས་ཀྱི་སྐབས་སུ་ཡིན། ལྷག་པར་དུ་སི་ཏུ་ཆོས་ཀྱི་འབྱུང་གནས་འཇང་དུ་ཐེངས་གསུམ་ཕེབས་ཏེ་ཆོས་ལུགས་ཙམ་མ་ཡིན་པ་འཇང་བོད་མི་རིགས་གཉིས་ཀྱི་རིག་གནས་བརྗེ་རེས་ཐད་སྙིང་པོའི་དོན་གྱི་ལྡན་པ་བོད་ཡིག་གི་ཆོས་འབྱུང་དེབ་ཐེར་རྣམ་ཐར་ལས་ཤེས་ཐུབ་པའོ།།
འཇང་རི་སྨུག་པོ་ལ་ཉེ་བར་བརྟེན་པའི་ལྷ་སྲུང་རྣམས་ཀྱི་གསོལ་མཆོད་བསངས་སོགས་ཀྱི་ཞར་དུ་བགྱིད་པར་སྤྲོ་ན། རང་ཉིད་ལྷར་གསལ་མདུན་དུ་སྟོང་ཉིད་ཀྱི། །ངང་ལས་འགགས་མེད་རྟེན་འབྱུང་མཆོད་པའི་སྤྲིན། །རོ་མཆོག་བརྒྱ་ལྡན་བཟའ་བཅའ་ལྡག་གཞིབ་ཀྱི། །གཏོར་མའི་ཚོགས་དང་འདོད་ཡོན་རྒྱ་མཚོ་འདི། །གནས་མཆོག་འདི་དང་ཡུལ་འདིར་གནས་པ་ཡི། །བླ་མ་ཡི་དམ་རྒྱལ་བའི་དཀྱིལ་འཁོར་དང་། །རྡོ་རྗེའི་ཆོས་སྲུང་དཔའ་བོ་མཁའ་འགྲོ་དང་། །ཕྱོགས་སྐྱོང་ཞིང་སྐྱོང་ཡུལ་ལྷ་གཞི་བདག་ལ། །རབ་ཏུ་དྭངས་བའི་ཡིད་ཀྱིས་འབུལ་བར་བགྱི། །འཇིག་རྟེན་འདས་དང་མ་འདས་ཡོན་ཏན་གྱི། །སྤྲིན་ཕུང་ཚར་དུ་དངར་བས་ཆོས་དབྱིངས་ཀྱི། །ནམ་མཁའ་རྒྱས་པར་འགེངས་པའི་ངོ་མཚར་ལ། །དགའ་བས་བསྔགས་པའི་མེ་ཏོག་ཅི་ཡང་འཐོར། །དེས་ན་མཆོད་པའི་ཡུལ་རྣམས་ཐུགས་བརྩེ་བས། །དཔལ་ལྡན་བླ་མའི་ཞབས་པད་བརྟན་པ་དང་། །ཀརྨའི་བཀའ་བརྒྱུད་དར་ཞིང་རྒྱས་པ་དང་། །རྒྱལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། །བདག་ཅག་དཔོན་སློབ་སྦྱིན་བདག་བཅས་པ་ཡི། །ནད་གདོན་བགེགས་ཞི་ཚེ་དཔལ་འབྱོར་པ་རྒྱས། །གྲུབ་གཉིས་དབང་འདུས་དགྲ་འདྲེ་གནོད་བྱེད་ཐུལ། །མདོར་ན་བསམ་ཀུན་ཡོངས་སུ་གྲུབ་པར་མཛོད། །ཁྱད་པར་གསང་སྔགས་དགའ་བའི་ཚལ་གནས་པའི། །དགེ་འདུན་འདུས་པ་མཐུན་ཞིང་རྒྱས་པ་དང་། །མི་དང་མི་མིན་གདོན་བགེགས་ཉེར་འཚེ་ཞི། །བསམ་དོན་ཀུན་འགྲུབ་བཀྲ་ཤིས་དཔལ་འབར་མཛོད། །ཅེས་བརྗོད་ཅིང་གཏོར་མཆོད་དབུལ་ལོ། །དེ་ལྟར་གསང་སྔགས་དགའ་ཚལ་བ་རྣམས་ཀྱི་ཐུགས་བཞེད་བཞིན་སི་ཏུ་པས་བྲིས་པ་དགེ་ལེགས་འཕེལ།།
འཇིག་རྟེན་དབང་ཕྱུག་ཀརྨ་པའི་ཕྲིན་ལས་ཀྱི་བྱེད་པོ་གནམ་བསྐོས་གོང་མའི་ལུང་གིས་ཀྭན྄་ཏིང྄་ཡྭན་ཐོང་མྱའུ་ཙི་གཱེ་གསིར་(圆通流教灌顶大司徒)འབོད་པ་བསྟན་པའི་ཉིན་བྱེད་ཀྱི་ཡི་གེ་འཇང་ཡུལ། ས་ཐམ། ཉི་ནག་གླ་ཕི་སོགས་ཀྱིས་མཚོན་ཉེ་ཆར་འཁོད་པའི་ལྷ་སྡེ་མི་མཆོག་དམན་ཀུན་གྱིས་ཐུགས་ངེས་རྒྱུར། ཀུ་རྡོས་ཐེག་ཆེན་དར་རྒྱས་གླིང་གི་འདུས་སྡེའི་འདྲེན་པར། སྒྲུབ་ཆེན་དེ་ཉིད་ཞིང་ལ་གཤེགས་ཁར་ཞལ་ཆེམས་ཀྱི་ཚུལ་དུ། འོག་མིན་གླིང་གི་གཉེར་ཆེན་བདེ་བ་ལ་བཀོད་འདོམས་དང་། རྩིས་སྤྲོད་གནང་འདུག་པ་ལྟར། ངེད་ཀྱིས་ཀྱང་བསྐོ་བཞག་བགྱིས་ཤིང་། ཀྭན་འཇའ་བྱིན་ཡོད་པར། ཁྱེད་ཐམས་ཅད་ཀྱིས་དད་པ་དང་བཀུར་སྟིའི་ཡུལ་དུ་བྱེད་ཅིང་མཐུན་རྐྱེན་སྒོ་དུ་མ་ནས་ཡང་དག་པར་སྒྲུབ་པ་དང་། གནོད་འགལ་ལོག་པར་འགྲོ་བའི་རིགས་མི་བྱེད་པ་གལ་ཆེ་ཞིང་། ཁྱད་པར་འདུས་སྡེ་འདིར་བརྟེན་པའི་གྲྭ་རིགས་རྣམས་དང་། དབུ་ཆོས་སོགས་ལས་བྱེད་དུ་བསྐོས་པ་རྣམས་ཀྱིས་ཀྱང་། བླ་མའི་གསུང་ངག་ལྷུར་ལེན་པའི་མགོ་འོག་ལུས་ཚུད་ཡོད་པ་དང་། བྱ་མིག་གྱེན་ལྟ། ཕྱ་ར་གྲུ་འགྱོགས་ཡོད་པ་གལ་ཆེ་ཞིང་། འདི་པས་ཀྱང་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པའི་སྲི་ཞུར། སྒོ་གསུམ་ཆིག་དྲིལ་གྱི་བགྱི་བ་ལྷུར་ལེན་པ་གལ་ཆེ། ཞེས་པའི་ཡི་གེ་སྐྱེས་བདག་ཞེས་པ་ལྕགས་ལུག་ལོའི་ཡར་ཚེས་ལ་ལྷ་སྟེང་གི་དབེན་གནས་ནས་སྤེལ་བ་མདྒ་ལཾ། གུ་ཎས་ཞུས།།