༄༅།།སྙི་གྲོང་།

ཨ་སྐྱབས་དར་རྒྱས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཆོད་མེའི་དྲ་བ། སྤེལ་དུས། 05-16


ཨ་ཁུ་གཡང་འཁོར་གཉན་ལུང་སྡེ་བ་ན་ཡོད། གཉན་ལུང་སྡེ་བའི་ས་ཆ་འདི་ན་རི་དྭགས་གཉན་ཧ་ཅང་མང་བས་ལུང་བ་དེའི་མིང་ལ་གཉན་ལུང་ཟེར།  རིམ་ གྱིས་ས་མིང་སྡེ་བ་ལ་ཐོགས་ཏེ་གཉན་ལུང་སྡེ་བ་ཞེས་འབོད་ཀྱིན་འདུག

ཨ་ཁུ་གཡང་འཁོར་གྱི་དངོས་མིང་ལ་གཡང་ཁོ་ཟེར་ཡང་། ཁོ་ཚང་ནི་གཉན་ ལུང་སྡེ་བའི་འབྲོག་ཁྱིམ་ཆེས་ཕྱུག་པོ་དེ་ཡིན་པས།  ཚང་མས་ཨ་ཁུ་གཡང་འཁོར་ ཞེས་མིང་སྙན་པོ་ཞིག་བཏགས་ཡོད།  ཁོས་རྒྱུན་དུ་སྣ་གླུ་ཐུང་ཐུང་ཞིག་ལེན་ཞོར་མགོ་འཕངས་བསྟད་ནས་འགྲོ་ལ།  དུས་སྟོན་དག་ལ་འོད་ཀྲིག་ཀྲིག་བྱེད་པའི་ཀོ་ལྷམ་ནག་པོ་དང་གོས་ཆེན་དམར་ནག་གི་འཕྱོར་ལ་གྱོན་དེ་མི་ཚོགས་ཀྱི་ཁྲོད་དུ་འགྱིང་སྟོབས་ཀྱིས་འགྲོ་བར་དགའ།

ཨ་ཁུ་གཡང་འཁོར་ཞེས་འབོད་མཁན་ནི་གཙོ་བོ་གཉན་ལུང་སྡེ་བའི་ཡུལ་མི་ཚོ་ཡིན།  དེ་ནི་ཁོ་ལ་མ་གཞི་ནས་གཡང་ཁོ་ཞེས་མིང་སྙན་མོ་ཞིག་ཡོད་པའི་ཁར། ཉེ་བའི་ལོ་ཤས་རིང་ཁོ་ལ་ངོ་མའི་གཡང་འཁོར་བ་བཞིན་ཕྱུགས་མ་བརྒྱ་བུ་བརྒྱ་ཁ་འཕྲོད་པས་ཚང་མས་ཁོ་ལ་གཡང་འཁོར་ཞེས་འབོད་ཀྱིན་ཡོད། དེ་བས་ཨ་ཁུ་གཡང་འཁོར་གཉན་ལུང་སྡེ་བའི་སྙི་གཞུང་རིང་མོའི་རྩྭ་ཐང་དང་། གསེར་རྫོང་ཕྱུག་མོའི་ཐང་ཆེན་གང་ཞིག་ནས་འགྲོ་སྐབས། སུ་ཞིག་གིས་ཨ་ཁུ་གཡང་འཁོར་ཞེས་ཚིག་འབྲི་གསུམ་པོའི་ཁོ་ལ་འབོད་པ་ཐོས་ན། ཁོས་གློ་བུར་དུ་མགོ་འཕངས་ཇེ་མཐོར་གཏོང་བ་དང་། གདོང་ལ་འཛུམ་ལངས་ཤིང་སྨིན་མ་གདོང་དཀྱིལ་དུ་བསྡུ་ཙམ་བྱེད། དེ་ནས་སྐད་སྦོམ་པོ་བྱས་ཏེ། ཁྱོད་བདེ་མོ་ཡིན་ནམ་ཞེས་འཚམས་འདྲི་ཐུང་ཐུང་ཞིག་བྱེད་པར་གོམས་ཡོད། ཨ་ཁུ་གཡང་འཁོར་ལ་ཕྱུགས་མང་བའི་དུས་དེར། ཚང་མས་ཁོ་ལ་ངོ་འཛུམ་འཛུམ་དང་མགོ་ལྡེམ་ལྡེམ་བྱེད་བཞིན་ཡོད་པས། ཨ་ཁུ་གཡང་འཁོར་གྱིས་དེ་ནི་འབྲོག་པ་ཞིག་གི་ལ་རྒྱ་དང་གཟི་བརྗིད་ཡིན་སྙམ།

ཉིན་དེར། ཉི་འོད་ཤིན་ཏུ་ཚ་ཡང་། ཧྲུའུ་ཅི་བཀྲ་ཤིས་ལགས་ལ་འཛེམ་དོགས་ ཅི་ཡང་མེད་པར་གཙང་ཤོག་དཀར་པོ་ཞིག་གིས་གདོང་གི་རྔུལ་ཆུ་འབྱིད་བཞིན་  འདི་ལྟར་བཤད།   

 ད་ལོ་གསེར་རྫོང་གི་ལོ་གཅིག་གི་འཛུགས་སྐྲུན་འཆར་གཞི་ལྟར་ན། གཉན་ལུང་སྡེ་བར་གཞིས་སྡོད་ཁང་བ་བརྒྱ་ལས་དགོས། ཁང་བ་ལས་ས་ནི་ཡུལ་ཚོའི་སྲིད་ གཞུང་གི་ཉེ་འཁོར་ཡིན། ད་ལོའི་ཟླ་གསུམ་པ་ནས་འཛུགས་སྐྲུན་གྱི་བྱ་བ་དངོས་སུ་འགོ་ཚུགས་དགོས་པ་དང་། ང་ཚོའི་ཡུལ་ཚོའི་སྲིད་གཞུང་ལ་སྡེ་བ་གསུམ་ཡོད་པས། སྡེ་བ་རེའི་ཁང་བ་བརྒྱ་ཐམ་པ་ལས་དགོས། དེ་ན་གཞི་རིམ་ལས་བྱེད་པ་ཚོས་འགོ་ བྱས་ནས་མང་ཚོགས་ལ་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་ཐོན་དགོས། "  ཨ་ཁུ་ གཡང་འཁོར་གྱིས་ཧྲུའུ་ཅི་བཀྲ་ཤིས་ལགས་ཀྱིས་བཤད་པའི་སྐད་ཆ་དེ་རྡོ་ལ་རི་མོ་ བརྐོས་པ་བཞིན་ཡིད་ནས་བརྗེད་ཀྱིན་མེད་མོད། ཁོའི་སེམས་སུ་ཡང་བསྐྱར་དྲི་བ་ མང་པོ་ཞིག་རྒྱ་མཚོའི་རྦ་རླབས་བཞིན་འཕྲོ་རིམ་འཕྲོར་བྱས་ནས་སླེབས་ཡོང་བས། ཁོ་སྦྲ་ཡི་རྣུ་མཆོག་གི་སྟན་ཐོག་ཏུའང་འདུག་མི་བཟོད་པར་ཡར་ལངས་བྱུང་།སེམས་ཀྱི་དགའ་སྡུག་གི་མནར་གཅོད་ནི་ཉི་འོད་ཀྱི་ཚ་གདུག་ལས་དགུ་འགྱུར་གྱི་ཐུ་བར་ གྱུར།

ཁོ་སླར་ཡང་སྒོར་བུད་དེ་གཡུ་བསེ་རྫ་རི་ཕྱུག་མོའི་རི་སྟེང་ན་སྐར་ཚོགས་ བཞིན་གྲངས་མང་བའི་ནོར་ཕྱུགས་ཀྱི་ཕྱོགས་སུ་སོང་། ཁོ་ཆུང་དུས་ནས་ཕྱུགས་ལ་ དགའ་ཞིང་ཕྱུགས་རྫི་ལ་འགྲོ་རྒྱུར་དེ་བས་དགའ།

སྟག་ཟླའི་ཚེས་བཅུ་གཉིས་ལ། གཉན་ལུང་སྡེ་མི་ཚོ་སྤྱི་བསང་གཏོང་བར་སོང་།

སྡེ་མི་ཡོངས་ཀྱིས་ཨ་ཁུ་གཡང་འཁོར་གྱིས་ཕྲུག་ཚལ་ཅི་ཞིག་གྱོན་ཡོད་པ་དང་། རྟ་ ག་འདྲ་ཞིག་ཞོན་ཡོད་གླེང་མོལ་བྱེད་ཀྱིན་འདུག ཁོས་ཀྱང་དོན་དེར་དོ་སྣང་ཆེན་ པོ་བྱེད་བཞིན་ཡོད།  

བསང་གཏོང་བའི་ཉིན་དེར།  ཨ་ཁུ་གཡང་འཁོར་གྱིས་འབྲི་བརྒྱད་ཀྱི་རིན་ ཅན་གྱི་འདོ་བ་གཡུ་བྱ་སྔོན་མོ་ཞོན་ཡོད།   གཉན་ལུང་སྡེ་བའི་སྐྱེས་པ་ཚོས་སྤྱི་ བསང་གཏོང་བའི་དུས།  ཨ་ཁུ་གཡང་འཁོར་གྱི་འདོ་བ་གཡུ་བྱ་སྔོན་མོ་སྔོན་  རྐྱང་རྐྱང་ལ་ཤོར་ནས། སྡེ་མི་དང་ལམ་འགྲམ་གྱི་རུ་བ་ཚོའི་མི་ཡང་སྦྲ་སྒོར་བུད་

 དེ། 

ངོ་སོ་བསྟོད་རྒྱུ་ཞིག

ཅི་འདྲའི་རྟ་ཡག་པ་ཞིག

ཅི་འདྲའི་མི་འཕྱོར་པོ་ཞིག་ཅེས་སྐད་ཆ་དེ་དག་གཟུགས་ཡོད་ཀྱི་མི་དང་ གཟུགས་མེད་ཀྱི་རླུང་གིས་ཁུར་ནས་ཨ་ཁུ་གཡང་འཁོར་གྱི་རྣ་ལམ་དུ་འཁོར་ཐེངས་རེར། ཁོས་རྟ་ཡི་སྲབ་དཀྱོག་ཡར་བསྒགས་ཏེ་ཡོབ་རྡེབ་རེ་བྱས་པ་ན། འདོ་བ་གཡུ་བྱ་ སྔོན་མོ་ནི་མི་སྐད་ཤེས་པའི་མི་བཞིན་རྟ་བ་བརྒྱ་ཡི་དཀྱིལ་ནས་ལྷང་ངེར་རྒྱང་ལ་ ཐོན་པ་དང་།འཚེར་སྐད་ལྷང་ལྷང་ངང་ར་ལངས་བྱེད་པ་དང་། དེ་ནས་སྙི་གཞོང་རིང་མོའི་རྩྭ་ཐང་དུ་གཞུ་ཐོག་ནས་མདའ་ཤོར་བ་དང་བར་སྣང་ནས་སྐར་མདའ་ ཆད་པ་བཞིན་བརྒྱུགས་འགྲོ་བས། ཨ་ཁུ་གཡང་འཁོར་ཟེར་ན། གཉན་ལུང་སྡེ་བ་ ཧྲིལ་བོར་བསྟོད་པའི་མཐེ་བོང་བགྲེང་སའི་མི་ཞིག་ཏུ་གྱུར། 

སྐབས་དེར།ཁོའི་གདོང་ན་སྤྲོ་ཉམས་ཡོད་པ་དང་།  ངོ་ལ་སྣུམ་ཐིག་བབ་ཡོད་ པས་ཁོའི་འཚོ་བ་ནི་བདེ་སྐྱིད་ལྡན་པ་ཞིག་རེད། ཁོས་རྒྱུན་དུ་ཤ་མར་ཟོས་པས་ལུས་ ཕུང་རྒྱགས་ལ་གདོང་བ་ཤིན་ཏུ་ནག་པས་གཡང་འཁོར་ནག་རིལ་མ་ཞེས་འབོད་ མཁན་ཡང་ཤིན་ཏུ་མང་། 

ད་ལྟ། གཉན་ལུང་སྡེ་བའི་ནང་དུ། གསར་འགྱུར་རིགས་གཉིས་བཤད་ཀྱིན་  ཡོད།   གསར་འགྱུར་གཅིག་ནི་ཨ་ཁུ་གཡང་འཁོར་གྱིས་ཡུལ་ཚོ་སྲིད་གཞུང་གི་

འཆར་གཞི་ལྟར། སྙི་གཞོང་རིང་མོར་གཞིས་སྡོད་ཁང་བ་ལས་པའི་དམ་བཅའ་བྱས། 

ཡུལ་གཙོས་ཁོ་ལ་གཞིས་སྡོད་ཁང་བ་ཡུལ་ཚོའི་སྲིད་གཞུང་གི་ཉེ་འདབས་སུ་ ལས་ཐུབ་ན་བྱིས་པ་སློབ་གྲྭར་སྐྱེལ་བ་དང་། ནད་པ་སྨན་བཅོས་བྱེད་པ། ཅ་ལག་ཉོ་ ཚོང་བྱེད་བདེ་བ་སོགས་ཁེ་ཕན་མང་པོ་བཤད་པས།  ཨ་ཁུ་གཡང་འཁོར་ནི་ཐོག་ དང་པོ་ཡུལ་ཚོའི་སྲིད་གཞུང་གི་ཉེ་འཁོར་དུ་གཞིས་སྡོད་ཁང་བ་ལས་པའི་འབྲོག་མི་དང་པོ་ཡིན་པར་མིང་རྟགས་བཀོད་པ་རེད་ཟེར། 

གསར་འགྱུར་གཉིས་པ་ནི།   ཨ་ཁུ་གཡང་འཁོར་གྱིས་ཡུལ་ཚོའི་མཐའ་འཁོར་ དུ་སྡོད་ཁང་ལས་རྒྱུ་བྱས་རྗེས།  ཁོས་འབྲི་མ་བརྒྱ་བུ་བརྒྱ་ཁ་འཕྲོད་པ་དེ་ཧེ་རིགས་ ཚོང་བ་ཞིག་ལ་བཙོང་རྗེས།   ཁོས་ད་རུང་འདྲུད་འཐེན་གསར་བ་ཞིག་ཉོས་ནས་ གཞིས་སྡོད་ཁང་བ་ལས་པའི་བྱ་འགུལ་གྱི་ཁྲོད་དུ། གཞན་ལ་ས་རྡོ་དབོར་འདྲེན་ བྱས་ཏེ་གླ་ལེན་པ་དང་། གཞིས་སྡོད་ཁང་བའི་ནང་དུ་ཇ་ཁང་ཞིག་ཕྱེས་ཏེ་སྒོར་མོ་ འཚོལ་རྒྱུ་རེད་ཟེར། 

གསར་འགྱུར་འདི་ནི་གཉན་ལུང་སྡེ་བའི་མི་ཀུན་གྱི་ཁ་ཐོག་གི་མ་ནི་དང་ལག་ཐོག་གི་འཁོར་ལོ་བྱེད་ཀྱིན་ཡོད།

གཉན་ལུང་སྡེ་བའི་རྒན་པོ་ཚོས།  ཁོ་སྨྱོན་པ་རེད།  འདྲེ་ཞུགས་ནི་ཡིན་རྒྱུ་རེད།   ང་ཚོའི་ཕ་ཚེ་བུ་རིང་མདའ་ཚེ་སྒྲོ་རིང་ལ་ཕྱུགས་འཚོས་ཏེ་རང་ཁ་རང་གསོ་བྱས་པ་རེད། ད་ཕྱུགས་ཚང་མ་མེད་པར་བཟོས་ ཏེ་གྲོང་ནང་དུ་འབབ་རྒྱུ་ཟེར་ན། མུ་གེ་མྱོང་བསམ་ནི་རེད་ཅེས་གཤེ་གཤེ་གཏོང་ལ།      

ཡང་གསར་བུ་ལ་ལས། དེ་ཁྲིག་ཁྲིག་རེད། ཚེ་གང་བོར་ཕྱུགས་རྗེས་ནས་མི་ཚེ་ འགྲོ་ནི་མ་རེད།  ད་དུས་རབས་གསར་བ་རེད། འཚོ་བ་གསར་བ་རོལ་དགོས་ནི་ རེད་ཅེས་ཨ་ཁུ་གཡང་འཁོར་གྱི་བྱེད་སྟངས་ལ་ཡིད་འཐད་བྱེད་མཁན་ཡང་ཤིན་ཏུ་མང་།

ཟླ་གཅིག་ལྷག་འགོར་སོང་། གསེར་མདོག་གི་ལྕང་ལོ་འཕུར་བའི་སྟོན་དུས་སུ། ཨ་ཁུ་གཡང་འཁོར་ཚང་གི་ཕྱུགས་ལ་ཤ་ཤེད་བཟང་བས་ཨ་ཁུ་གཡང་འཁོར་སྙི་གྲོང་ནང་དུ་བབས། ཁོས་ཕྱུགས་ཟོག་ཚང་མ་བཤས་རར་ཕབ།  དྲང་མོ་བཤད་ན། ཨ་ཁུ་གཡང་འཁོར་གྱིས་མུ་མཐུད་དེ་ཕྱུགས་འཚོ་སྐྱོང་བྱས་ནས་འབྲོག་པའི་འཚོ་བ་རོལ་བ་དང་།  ཡང་ན་ཕྱུགས་མེད་པར་བཏང་ནས་གྲོང་རྡལ་གྱི་འཚོ་བ་རོལ་བར་ ལག་པ་བྲང་ཐོག་ཏུ་བཞག་ནས་ཉིན་མཚན་མང་པོར་བསམ་བློ་གཏོང་དགོས་བྱུང་། འོན་ཀྱང་དེ་ནི་ཧ་ཅང་འགལ་ཟླ་ཆེ་བའི་གནད་དོན་ཞིག་རེད།   གལ་ཏེ་ཁོས་སྲིད་གཞུང་གི་ཉེ་འདབས་སུ་ཁང་བ་ལས་ནས་གཏན་སྡོད་བྱས་ན། ཕྱུགས་རྩྭ་ལ་བརྟེན་ ཡོད་པ་དང་། ཡུལ་ཚོ་སྲིད་གཞུང་གི་མཐའ་འཁོར་དུ་སྡེ་བ་གསུམ་གྱི་ཁང་བ་སུམ་ བརྒྱ་ལྷག་ལས་ཡོད་པས། གཞིས་སྡོད་ཁང་བར་འདུག་ན། དང་པོ་ཕྱུགས་ཟོག་མེད་པར་གཏོང་བ་དེ་རེད། ཨ་ཁུ་གཡང་འཁོར་ཚང་ལ་བཟའ་ཚང་མི་དྲུག་ཡོད།  བུ་ཆེ་བ་ནི་ཁོང་གཉིས་ཀྱི་ཐུན་མོང་གི་རེ་བ་བཞིན་བན་དེ་བྱས།  བུ་འབྲིང་བ་ནི་ཕྱུགས་རྫི་བྱེད་བཞིན་ཡོད། བུ་མོ་ནི་གནས་ལ་འགྲོ་རན་པ་དང། ད་རུང་ལོ་དགུ་ཡིན་པའི་བྱིས་པ་ཞིག་ཡོད་མོད།  དུས་བཞིའི་འགྲོས་ལྟར་རུ་སྤར་ནས་འགྲོ་ན།   ཡུལ་ཚོའི་མཐའ་འཁོར་དུ་ཁང་བ་ཞིག་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པས་དོན་ དངོས་སུ་ཁོ་ལ་སེམས་ཚེགས་ཙམ་ལས་ཕན་པ་ཅི་ཡང་མི་འདུག  དང་ཐོག་ཁོ་ལ་ ཕྱུགས་མེད་པར་གཏོང་བའི་ཀུན་སློང་སྐྱེས་མ་ཐག ཁོ་ཡང་བསྐྱར་རང་གི་མ་འོངས་ བའི་འཚོ་གནས་ལ་དཀའ་ཁག་བྱུང་བར་དངངས་སྐྲག་སྐྱེས།   དེ་ཡང་རྒྱུ་མཚན་ མེད་པ་ག་ལ་ཡིན།  

ཡུལ་ཚོ་སྲིད་གཞུང་གི་མཐའ་འཁོར་གྱི་གྲོང་རྡལ་གསར་བའི་ནང་དུ་ཡོད་པའི་དུད་ཁྱིམ་མང་ཆེ་བ་ནི་འཚོ་བ་ལ་དཀའ་ཁག་མེད་པ་དང་།ལྷག་དུ་རྒྱ་མི་ཚོ་ནི་ཚོང་ལས་མ་རྩ་ཡོད་མཁན་དང་། ཡང་ན་རླངས་འཁོར་དང་འཕྲུལ་རྟ་སོགས་ཞིག་གསོ་བྱེད་ཤེས་པའི་ལག་རྩལ་ཅན་ཤ་སྟག་རེད།

དང་ཐོག་གཞིས་སྡོད་ཁང་བ་ལས་དུས་ངེས་པར་དུ་ཞིང་འབྲོག་གི་དུད་ཐོ་མེད་ན་གཞིས་སྡོད་ཁང་བ་ལས་མི་ཆོག་མོད།   མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་ལ་གཏོང་ ཆེད་གཞིས་སྡོད་ཁང་བའི་འགྲོ་སོང་གི་ཕྱེད་ཀ་རྒྱལ་ཁབ་ཀྱི་སྒོར་མོ་ཕུད་ནས་ལས་    བཞིན་ཡོད་པ་དེ། ས་གནས་འདིའི་ཟ་ལོབས་ལ་གོམས་པའི་ལས་འཁྱིལ་ངལ་གསོ་ ཟིན་པའི་མི་དག་གི་གོ་སྐབས་ཕྲ་མོ་ཙམ་ཡང་ཆུད་ཟོས་སུ་གཏོང་མི་སྲིད་པས། ཁོ་ ཚོའི་རང་གི་ཉེ་འབྲེལ་དག་གི་ཞིང་འབྲོག་དུད་ཐོ་གཡར་ནས་འབྲོག་དམངས་   གཞིས་སྡོད་ཀྱི་ཁང་བ་ལེགས་ཤོས་ཧམ་ཐོབ་བྱེད་ཀྱིན་ཡོད།  

ད་ལྟ། སྙི་གཞུང་རིང་མོར་གྲོང་སྡེ་ཆུང་ཆུང་ཞིག་ཆགས་འདུག ཚང་མས་དེ་ལ་ སྙི་གཞོང་རིང་མོའི་གྲོང་སྡེ་གསར་བ་དེ་བསྡུས་མིང་ལ་སྙི་གྲོང་ཞེས་འབོད་ཀྱིན་ཡོད། 

ཨ་ཁུ་གཡང་འཁོར་གྱིས་ཕྱུགས་ཟོག་མེད་པར་བཏང་ནས་རུ་བ་གཞིས་སྡོད་ཁང་ བའི་ནང་ཡོང་བའི་ལོ་དེར། ཁོས་དང་ཐོག་ཕྱུགས་བཙོང་བའི་སྒོར་མོ་སྤྱད་དེ་ཀུན་ གྱིས་ཡིད་སྨོན་བྱེད་སའི་ཁྱིམ་ཆས་བཟང་པོ་དེ།     བཀྲ་ཤིས་རྟགས་བརྒྱད་དང་རྨ་ འབྲུག་ཁ་སྤྲོད་ཀྱི་རི་མོ་འབུར་བརྐོས་སུ་ཡོད་པའི་ཤིག་པའི་མལ་ཁྲི་དང་མདུན་ཅོག  གོས་སྒམ་སོགས་ཉོས་ལ། ད་རུང་འོད་ཀྲིག་ཀྲིག་བྱེད་པའི་ཀོ་བའི་འབོར་ཁྲི། ཧེ་ཨར་ རྟགས་ཅན་གྱི་འཁྱག་སྒམ་དང་གོས་འཁྲུད་འཕྲུལ་ཆས།   ད་རུང་བལྟས་ན་ཉམས་ དགའ་ལ་འཁྱེར་ན་སྟབས་བདེ་བའི་ཚོན་ལྡན་བརྙན་འཕྲིན་སོགས་ཁྱིམ་ཆས་གྲལ་ དག་ཉོས།ཁོ་རང་ཉིད་ལF6འཁོར་འཕྲན་ཞིག་ཀྱང་ཉོས་ཡོད་པས་ཁོས་སྣ་གླུ་ལེན་ པའི་ཡུན་ཡང་ཇེ་རིང་དུ་སོང་འདུག་ལ།   སྐད་མགོ་མཐོ་ལ་སྦོམ་པའི་མི་སུ་ཐུག་ལ་དེ་རིང་ངས་མགྲོན་བྱེད་དང་། དོན་དག་ཡོད་ན་ཁ་པར་གཏོང་དང་། ཀྲུང་ གོའི་འགུལ་འཕྲིན་སྤྱི་གཉེར་ཁང་རྡིབ་མ་སོང་ན། ངའི་ཁ་པར་ཨང་གྲངས་བརྒྱད་ གསུམ་ཡོད་པ་དེ་མི་བརྗེ་ཁོ་ཐག་ཡིན་ཟེར།

ཨ་ཁུ་གཡང་འཁོར་འབྲོག་ནས་གྲོང་དུ་ཡོང་བར་དགའ་སྤྲོས་མྱོས་འདུག

དུས་སྐབས་འདིར། ཨ་ཁུ་གཡང་འཁོར་ལ་བསྟོད་སྨད་ཀྱི་འཆལ་གཏམ་ཤིན་ ཏུ་མང་།  དེ་དག་ལས་ཚབས་ཆེན་རང་བཞིན་ཅན་གྱི་སྐད་ཆ་ནི། སྤྲུལ་སྐུ་ཀུན་   མཁྱེན་ཚང་གིས་ཁོང་ནི་ས་གནས་འདིའི་དགེ་བཅུའི་ཁྲིམས་ལ་འགལ་བའི་མི་    སྡིག་རྒན་ཞིག་ཡིན་པ་དང། དམ་ཉམས་དེ་ལ་ལས་རྒྱུ་འབྲས་འཁོར་ཁོ་ཐག་ཡིན་ཞེས་ཆོས་ཚོགས་མང་པོའི་སྟེང་བཀའ་བཀྱོན་གནང་མྱོང་བ་དང་། ཡང་སྡེ་བའི་  སློབ་མ་ཁ་ཤས་དང་གསར་བུ་འགའ་རེས། ཁོ་ནི་འཚོ་བ་རོལ་ཤེས་པའི་དཔལ་འབྱོར་གྱི་ཀླད་པ་ལྡན་པའི་མི་ཞིག་རེད་ཅེས་ཁོ་ལ་གདེང་འཇོག་བྱེད་མཁན་གྱི་མི་ཁ་ཤས་ཀྱང་ཡོད། 

གཉན་ལུང་སྡེ་བའི་ཡུལ་ཚོའི་མཐའ་འཁོར་དུ་བསྟུན་མར་ལོ་འགའི་རིང་ལ།  གྲོང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་སྤེལ། གཞིས་སྡོད་ཁང་བ་ལྔ་བརྒྱ་ལྷག་ལས་ནས་དུད་ཚང་ལྔ་བརྒྱ་ལྷག་འདུས་སྡོད་བྱས།  སྐབས་འདིར། ལས་ཀ་མེད་པའི་འབྲོག་པའི་གསར་བུ་མང་པོ་ཞིག་གིས་ལོ་གཅིག་གི་ངལ་རྩོལ་བྱེད་ས་ཉག་གཅིག་དེ་དབྱར་རྩྭ་དགུན་འབུ་བརྐོས་ཚར་རྗེས། སླར་ཡང་ལོ་གསར་བ་ཞིག་མ་ཚེས་བར་དུ་ཁོ་ཚོར་ངེས་གཏན་གྱི་བྱ་བ་ཅི་ཡང་བསྒྲུབ་རྒྱུ་མེད།      

ཨ་ཁུ་གཡང་འཁོར་ཡང་གྲོང་སྡེའི་ནང་གི་གསར་བུ་ཚོད་དང་འདྲ་བར་སྔོན་ཆད་ཡིན་ན་ཕྱུགས་རྫི་ལ་འགྲོ་དགོས་ཀྱང་ད་ནི་ཕྱུགས་མེད་པར་བཏང་ཚར་བས་ཕྱུགས་རྫི་ལ་འགྲོ་མི་དགོས།  རྟག་ཏུ་དུས་ཚོད་བཅུ་གཅིག་ཙམ་ལ་མ་སླེབས་པར་ཉལ་ནས་སྡོད་པའི་སྒྱིད་ལུག་གི་འཚོ་བ་རོལ།

ཨ་ཁུ་གཡང་འཁོར་གྱི་རྒན་མོ་དང་མ་བུ་གཉིས་ཀྱི་སྙི་གྲོང་ནང་དུ་ཇ་ཁང་ཞིག་ཕུབ་ཡོད་ཀྱང་། ཁོང་དང་འདྲ་བའི་དུད་ཁྱིམ་མང་ཆེ་བས་ཀྱང་ཇ་ཁང་རིགས་འདྲ་བ་ཕུབ་བྱུང་བས་ཡོང་སྒོ་དེ་ཙམ་མི་འདུགལྷག་ཏུ་ཨ་ཁུ་གཡང་འཁོར་ཚང་གི་ཇ་ཁང་དུ་འགྲོ་མྱོང་བས་མི་མང་པོས་ལྐོག་ཏུ། ཨ་ཁུ་གཡང་འཁོར་གྱི་རྒན་མོས་ཤ་མོག་བཅའ་དུས་ལག་པ་བཀྲུས་མི་འདུག་ཅེས་ཁོང་ཚང་གི་མགྲོན་པོ་ཇེ་ཉུང་ནས་ཇེ་ཉུང་དུ་སོང་། 

ཁོ་རང་ཡང་བསྟུན་མར་ཚེགས་ཆེ་བའི་གཞུང་ལམ་དང་ཁང་བའི་ཞོར་ལས་ཞུགས་ཀྱང་ཉིན་ཁ་ཤས་འཁོར་བ་ན།  སླར་ཡང་ལས་ཀའི་རྒྱུན་སྐྱོང་མི་ཐུབ་པར་ཕྱིར་ཁྱིམ་དུ་ཡོང་ཏེ་སྔར་གྱི་ཕུགས་བསམ་བོར་ཏེ་སྒྱིད་ལུག་གི་ངང་དུ་འཚོ་བ་སྐྱེལ་བཞིན་ཡོད།

སྙི་གྲོང་ནང་དུ།  དུས་ཚོད་ཀྱི་གོམ་འགྲོས་དང་བསྟུན་ནས་རྣམ་པ་གསར་བའི་ཞབས་བྲོ་ཁང་དང། ནང་མ་ཁང་། ཤོ་རྒྱན་ཁང་། སྐྲ་བཞར་ཁང་། ལྡུམ་ཚོང་ཁང་སོགས་ལས་རིགས་གསར་བ་གཉེར་བའི་མི་འདྲ་མིན་སྣ་ཚོགསས་ཤིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་།  དེའི་ནང་དུ་གསར་བུ་ཚོས་ཆེས་དགའ་བསུ་ཐོབ་ས་ནི་ཤོ་རྒྱན་ཁང་དང་ནང་མ་ཁང་རེད།

ཨ་ཁུ་གཡང་འཁོར་གྱིས་དང་ཐོག་ཚོང་ལས་ཀྱི་མ་རྩ་བྱེད་འདོད་པའི་སྒོར་མོ་ རུམ་ལ་བཅུག་ཏེ། སྙི་གྲོང་གི་ཤོ་རྒྱན་ཁང་དུ་བུད་སོང་། སྙི་གྲོང་དུ་ཡུན་གྱིས་བསྡད་པ་ན། ཨ་ཁུ་གཡང་འཁོར་མཚན་མོ་ནང་དུ་ལོག་པ་ནུབ་རེ་ལས་ནུབ་རེ་འཕྱི།

ཐེངས་ཤིག ཨ་ཁུ་གཡང་འཁོར་གྱི་རྒན་མོ་འུ་ཐུག་ཏེ། ཁུ་ཚུར་གནམ་ལ་འཕྱར་ཞོར་ཁྱོད་ད་རུང་སྨད་འཚོང་ཁང་དུ་ཐེངས་གཅིག་སོང་དང་། ངས་ཁྱོད་ལ་བཟའ་འཐོར་མ་བྱས་ན། ང་དཀོན་ཅོག་གསུམ་མི་མིན་ཞེས་འཁོན་རེས་བྱས།

གཡུ་བསེ་རྫ་རི་ཕྱུག་མོ་ཁ་བས་གཡོགས་ནས་དཀར་ཟོམ་མེར་འདུག ཙག་རླུང་གི་ཁ་ཤུ་འདེབས་ཞོར། ཨ་ཁུ་གཡང་འཁོར་ཚང་གི་སྒོ་དང་སྒེའུ་ཁུང་ནས་འཁྱག་ སིབ་བེར་ནང་དུ་བཙན་འཛུལ་བྱེད་བཞིན་ཡོད།

དེ་ནི་ཨ་ཁུ་གཡང་འཁོར་གཞིས་སྡོད་ཁང་བར་བསྡད་དེ་ལོ་གསུམ་འགོར་བའི་དགུན་དུས་ཀྱི་ཉིན་ཞིག་རེད།

ཁོ་མེ་ལྕེ་ལྷབ་ལྷུབ་གཡོ་བའི་ལྕགས་ཐབ་ཀྱི་མཐའ་རུ་ཙོག་སྟེ། མདངས་ནུབ་ བྱུང་བའི་དོན་དག་དེར་འགྱོད་པ་བྱེད་ཀྱིན་འདུག ད་ནི་འགྱོད་པ་བྱས་ཀྱང་ཕན་ པ་ཅི་ཡང་འབྱུང་མི་སྲིད།

  ཁ་བའི་འདབ་མ་རེ་རེ་ཁོང་ཚང་གི་ཤེལ་སྒོ་ཆག་པའི་སྒེའུ་ཁུང་ནས་འཛུལ་དེ་ཁྱིམ་དུ་སླེབས་བྱུང་། ཁ་བའི་འདབ་ལོ་རེ་རེས་རླུང་བུ་འཁྱག་པོ་ཞིག་ཀྱང་ཁྲིད་ཡོང་།   

ཉིན་དེའི་སྔ་དྲོ་ཤོ་རྒྱན་བྱེད་མཁན་གྱི་མི་འགའ་ནང་དུ་ཡོང་ནས་ཤོ་རྒྱན་ལ་ཤོར་བའི་ཁོང་གི་ཁྱིམ་ཆས་དང་། སྒོ་ཡི་རླངས་འཁོར་སོགས་ཡོད་ཚད་འཁྱེར་ནས་བུད་སོང་། 

ད་ལྟ། ཨ་ཁུ་གཡང་འཁོར་ལ་ཡོད་པ་ནི་ཁ་བའི་ཁྲོད་ན་སྐྱ་སྒོག་སེ་ཡོད་པའི་གྱང་ཁང་སྟོང་བ་འདི་རེད། ཨ་ཁུ་གཡང་འཁོར་གྱིས་ཤུགས་རིང་ཞིག་ཕྱུངས་ནས་སྒོར་བུད་དེ།  རང་ཉིད་གཉན་ལུང་སྡེ་བའི་འབྲོག་པ་ཡིན་དུས་ཀྱི་དགུན་མཚེར་ཕྱོགས་སུ་བལྟས། གཡུ་བསེ་རྫ་རི་ཕྱུག་མོའི་གཟས་ཟ་ན། ནོར་ཁྱུ་དང་ལུག་ཁྱུ་སྐོར་ཞིག་རྩྭ་ཆུ་ལ་རོལ་བཞིན་པ་མཐོང་། 

ཉིན་དེའི་ཕྱིདྲོ།  ཁོས་རྒན་མོ་མ་བུ་ཚོ་ཁྲིད་དེ་རྐང་ཐང་ལ་རང་གི་དགུན་མཚེར་སྟེང་དུ་སོང་། 

དགུན་མཚེར་དུ།  ཨ་ཁུ་གཡང་འཁོར་གྱིས་རྒུད་སྐྱོབ་རུས་གུར་སྔོན་པོ་ཞིག་ཕུབས་ཏེ་འཚོ་བ་སྐྱེལ་བཞིན་ཡོད།  རྟག་ཏུ་ལེན་པར་སྤྲོ་བའི་སྣ་གླུ་ཐུང་ཐུང་དེ་ཡང་རླངས་འཁོར་གྱི་སྣུམ་ཟད་པ་བཞིན་གྲགས་འགུལ་ཅི་ཡང་མི་འདུག  

ཁོ་གཉན་ལུང་སྡེ་བའི་མི་སུ་ཞིག་དང་ཐུག་ན།   ཁོས་མགོ་བོ་དང་ཁར་སྨད་དེ།  

ཡུམ། སྙི་གྲོང་ནས་བསྡད་ན་འཚོ་བ་སྐྱེལ་ཐུབ་ཀྱི་མི་འདུག  ཐ་ན་མེ་ལ་འབུད་རྒྱུ་ཡང་མི་རྙེད་གི།  ངས་ཁང་བ་གསར་བུ་ཞིག་ལ་ཤོ་རྒྱན་ཁང་ཕྱེ་སར་བཙོང་ནས་རུ་དགུན་མཚེར་ཐོག་ཡོང་བ་ཡིན།འདི་ན་ཨོང་བ་མང་བས་མེ་འབུད་རྒྱུར་སེམས་ཁུར་བྱེད་དགོས་དོན་མི་འདུག  མུ་མཐུད་དེ་སྙི་གྲོང་ནས་བསྡད་ན། ཟ་རྒྱུ་དཀའ་བའི་ཁར་འཁྱག་ནས་ཡང་ཤི་འགྲོ་རྒྱུ་རེད་ཟེར།

སྡེ་བའི་མི་ཚོས་ཁོས་སྐད་ཆ་བཤད་མ་ཚར་གོང་མིག་སྡང་གི་རེ་བལྟས་ནས་ཤར་སེ་བུད་འགྲོ་བས། ཨ་ཁུ་གཡང་འཁོར་གྱིས་ཕུ་ཐུང་སྤྲུག་ཙམ་བྱས་ནས་ཕྱིར་རུས་གུར་དུ་མི་ལོག་ག་མེད་བྱུང་།

ལོ་དེར། གཉན་ལུང་སྡེ་བའི་ལོ་ལོན་ཚོས་ཀྱང་ཅི་འདྲའི་ཐན་ལྟས་ངན་པ་ཞིག ཁོ་ཚོའི་རིང་ལ་ད་ལོ་འདྲ་བའི་དགུན་དུས་འཁྱག་པོ་ཞིག་སྐྱེལ་མ་མྱོང་ཟེར།

ཨ་ཁུ་གཡང་འཁོར་སྙི་གྲོང་གི་ཁང་པའི་ནང་བསྡད་པར་འགྱོད་པ་སྐྱེ་བཞིན་ཡོད།

སླར་ཡང་།  ལོ་གཅིག་འགོར་སོང་།

ཨ་ཁུ་གཡང་འཁོར་གྱི་ངོ་མདངས་སྐྱ་བོར་གྱུར་ཡོད་པ་མ་ཟད། རུས་ལྷམ་རལ་པོ་ཞིག་གྱོན་ཏེ་མགོ་བསྒུར་ནས་ཨོང་བ་འཐུ་བར་བལྟས་ན། ཁོས་སྔོན་ཆད་མི་མང་ཀྱི་གྲལ་ནས་ཀོ་ལྷམ་ནག་པོ་འོད་ཀྲིག་ཀྲིག་བྱེད་པ་ཞིག་གྱོན་དེ་ངོམས་སོ་བྱས་པར་འགྱོད་པ་སྐྱེ་བཞིན་ཡོད་པ་འདྲ།     

གཉན་ལུང་སྡེ་བའི་མི་ཚོས་སྔོན་ཆད་ཁོ་ལ་ཨ་ཁུ་གཡང་འཁོར་ཞེས་འབོད་པའི་མིང་དེ་སྔ་མོ་ནས་བརྗེས་ཚར་འདུག ད་ལྟ། ཚང་མས་ཁོ་ལ་མཐོང་ཆུང་གི་མིག་གིས་ལྟ་ཞིང་། ཚིག་ལན་ཀྱང་དྲང་པོ་མི་སྟེར་བའི་ཁར། ལྐོག་ནས་སྐྱ་ཕྱག་མ་ཞེས་འབོད་ཀྱིན་ཡོད།   

དེ་ནི་ཁོ་དང་བཟའ་ཟླ་བུ་ཕྲུག་ཚང་མའི་གོན་པའི་ཁ་དོག་རྙིང་ནས་སྐྱ་བོ་ཡིན་པ་དང་།    བཙོན་ནས་བཏང་བའི་མི་བཞིན་སྐམ་ཅིང་རུད་ལ་གདོང་མདོག་སྐྱ་བོ་ ཡིན་པས། ལྐོག་ཏུ"སྐྱ་ཕྱག་མ"ཞེས་མཚང་མིང་ཞིག་བཏགས་པ་རེད།    

གལ་ཏེ་དོན་དག་རེ་ཡོད་ནས་ཁོ་ལ་གཏུག་སྐབས་ཀྱང་།  ཨ་རོགས། གཡང་ཁོ་ཟེར་ནས་ཚང་མས་སྐད་ལ་ངར་ཞགས་ཀྱིས་ཁེངས་འདུག       

གྲང་རླུང་ཤུར་ཤུར་དུ་ལྡིང་བའི་ཉིན་ཞིག  གཡང་ཁོ་ཡུལ་ཚོའི་ལས་བྱེད་རྣམས་ལ་ཨོང་བ་བཙོང་དུ་སོང་།  ཁོས་ཡུལ་གཙོའི་སྒོ་དྲུང་དུ་ཨོང་བའི་རིན་    པའི་སྒོར་མོ་སེམས་ཆུང་ངང་རྩིས་ལ་འདེབས་ཞོར།

རྒྱལ་ཁབ་དྲིན་ཅན་རེད།    གལ་ཏེ་སྡོད་ཁང་དེ་ཡུལ་ཚོ་སྲིད་གཞུང་གི་ཉེ་འཁོར་དུ་ལས་མི་དགོས་པར།  འབྲོག་པ་སོ་སོའི་རང་རང་གི་དགུན་མཚེར་སྟེང་ནས་ལས་ཐུབ་རྒྱུ་ན། ངོ་མས་རྒྱལ་ཁབ་ཀྱིས་མང་ཚོགས་ལ་རོགས་སྐྱོར་བྱས་པའི་སྒོར་མོ་འཕྲོ་བརླག་མ་བཏང་བ་རེད་ཟེར།

ཡུལ་གཙོས་ཁྱོད་ཀྱིས་སྨྱོ་གཏམ་མ་བཤད། འདི་ནིའབྲོག་པའི་དཀའ་སྡུག་གི་འཚོ་བ་རྨང་ནས་སྒྱུར་བཅོས་བྱེད་པའི་ལས་ཀ་རླབས་ཆེན་ཞིག་རེད། ད་ཁྱོད་ནང་དུ་སོང་ལ་ཨོང་བ་ཡག་པོ་ཞིག་གྲབ་ཤོམས་ཀྱིས་ཟེར།

དོན་དངོས་སུ།  ཨ་ཁུ་གཡང་ཁོའི་རེ་བ་ནི་གཉན་ལུང་སྡེ་བའི་འབྲོག་པ་ཚོའི་མངོན་དུ་མི་འགྱུར་བའི་རྨི་ལམ་ཞིག་རེད།

ནམ་ཟླ་དགུན་ཁར་སླེབས་པའི་ཙག་རླུང་བཙན་པོ་དེ་མདའ་མདུང་བཞིན་རས་གུར་སྔོན་པོའི་སྒོ་ཕྱར་དང་སྐལ་ཡོལ་སྒུལ་ཙམ་སྒུལ་ཙམ་བྱས་ནས་ནང་དུ་སླེབས་བྱུང་།  རུས་རྐང་ལ་ཟུག་གཟེར་རྒྱུ་བའི་ཙག་རླུང་དེས་མཐོང་བ་ཙམ་གྱིས་སྙིང་རྗེ་སྐྱེ་སའི་རྒན་པོ་ལོ་ལོན་དེའི་སྨ་ར་དཀར་པོ་དེ་ཡང་སྒུལ་ཙམ་བྱས། རྒན་པོ་ དེ་ནི་གཉན་ལུང་སྡེ་བའི་ཨ་ཁུ་གཡང་ཁོ་རེད།

ལོ་འདི་དག་རིང་ལ། ཁོ་རྒས་པ་ཤིན་ཏུ་མགྱོགས་པས་གདོང་གི་གཉེར་མ་སྔར་བའི་ཇེ་མང་དང་ཇེ་ཟབ་ལ་སོང་འདུག    

ཙག་རླུང་གི་སྨྱོ་རྒྱུག་བྱེད་པའི་དགུན་དུས་ཀྱི་ནངས་མོ་ཞིག་ལ།   ཡུལ་ཚོའི་གཞུང་ལས་ཁང་གི་སྒོ་འགྲམ་དུ་རྒན་པོ་ལོ་ལོན་ཞིག་གིས་མཆུ་མདོང་མདོང་བྱས་ཅི་ཞིག་ལབ་ཀྱིན་འདུག་ཀྱང་།   ཁོས་མཆུ་མདོང་མདོང་བྱས་ནས་ཅི་ཞིག་ལབ་ཀྱིན་འདུག་པའི་ཚུགས་ཀ་ལས་ངས་ཚིག་འབྲི་གསལ་པོ་ཞིག་མ་ཐོས་པས་ཁོའི་གམ་དུ་བཅར་ནས་དོན་དག་ཅི་ཡོད་ཅེས་དྲིས།

ཨ་ཙི། རྒན་པོ་དེ་ནི་སྔོན་ཆད་གཉན་ལུང་སྡེ་བར་སྐད་གྲགས་ཡོད་པའི་ཕྱུགས་པོ་གཡང་འཁོར་མ་ཡིན་ནམ། ངའི་ཡིད་ལ་དེ་ལྟར་བསམ་བཞིན་ཁོའི་གམ་དུ་ཡར་ལངས་ནས་བསྡད་པ་ན།    

ཁོས་སྐད་གདངས་དམའ་ལ་ངག་འདར་ཞོར་ང་ཡུལ་ཚོའི་གཞུང་ལས་ཁང་དུ་ཡོང་ནས་དུས་ཚོད་ཕྱེད་ཙམ་ལ་བསྒུགས་ཀྱང་ལས་བྱེད་གསར་བུ་གསར་མོ་ཚོས་ཤོ་བརྒྱབ་ཏེ་སྡོད་པ་ལས་ཁོ་ལ་ཁ་ཡ་བྱེད་མཁན་མ་བྱུང་ཟེར།

ངས་གློ་བུར་དུ་ཅི་ཞིག་བཤད་དགོས་པ་མ་ཤེར་པར་ཁ་རོག་གེར་བསྡད།   

ཁོས་ཡང་བསྐྱར་མདོག་ངན་ལ་གཉེར་མའི་ཁེངས་བའི་མཐེ་བོང་གཉིས་མདུན་དུ་བསྲིངས་ཏེ།  ང་གཉན་ལུང་སྡེ་བའི་ལྔ་སྐྱོང་དུད་ཁྱིམ་ནང་གི་གཅིག་ཡིན། ལྔ་སྐྱོང་ཁྱིམ་ཚང་གི་ལྟ་ལྟོགས་སྒོར་མོ་དེ་རིང་ལེན་ཐུབ་བམ། དྲིན་ཅན་པོ།  ངེད་ཚང་ལ་བཟའ་ཆས་ཆད་ནས་ཉིན་གཉིས་ཡིན་ཟེར། 

སྐབས་དེར་ཁོའི་གཞན་བརྟེན་གྱི་མིག་མདངས་གཉོམ་པོ་དེས་ངའི་སྙིང་ལ་གློ་བུར་དུ་ཙག་ཤད་ཅིག་བརྒྱུག་པ་དང་། ཡང་བསྐྱར་ཁོ་ལ་གསལ་བཤད་ཀྱིས་ཚུལ་དུ།    
         དེ་རིང་རྒྱ་ཟླ་བརྒྱད་པའི་ཚེས་སུམ་ཅུ་རེད། ཟླ་དགུ་བའི་ཚེས་གཅིག་ལ་མ་ཐོན་པར་ལྔ་སྐྱོང་ཁྱིམ་ཚང་གི་སྒོར་ག་ཚོད་ཡོད་པ་ཡུལ་ཚོའི་རྩིས་གཉེར་བས་རྫོང་ནོར་སྲིད་ཁང་ནས་ཡིག་ཆ་བླངས་ཏེ་ད་གཟོད་ཐག་ཆོད་རྒྱུ་རེད།  འོན་ཀྱང་རྩིས་གཉེར་བ་སང་ཉིན་ཕྱི་དྲོ་མ་གཏོགས་ཕྱིར་ཐོན་རྒྱུ་མ་རེད་ཅེས་བཤད།   

ཁོས་སླར་ཡང་ང་ལ་ཡིད་མི་ཆེས་པའི་མིག་གིས་ལྟ་ཙམ་བྱས་ཤིང་དེ་ནས་ཅི་ཡང་བཤད་མ་ཕོད་པར། ཙག་རླུང་བཙན་པོ་དེར་གདོང་གཏན་ནས་འཁྱར་འཁྱོར་ངང་ཡུལ་ཚོ་སྲིད་གཞུང་གི་རྒྱ་སྒོའི་ཕྱོགས་སུ་བུད་སོང་།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1