གསེར་གྱི་ཐམ་ག་ཅན་དེ་བསྐྱུར་ཤོག
ཟ་འོག་དགུ་བརྩེགས་ཅན་དེ་གཡུགས་ཤོག
ངས་རིགས་རྒྱུད་སྤེལ་མཁན་གྱི་སྐྱེས་མ་མཆུ་རྩི་ཅན་དེ་དག
ཤ་དང་རུས་པའི་བཅུད་ཀྱིས་མཆོད།
གཟུགས་དག་ལས་ཆེས་མཛེས་པ་རང་ཉིད་ཀྱི་ཆུང་མའི་སྐྱེས་གཟུགས་རེད།
ཟླུམ་པོ་དག་ལས་ཆེས་སྙིང་ཉེ་བ་ཆུང་མ་མངལ་སྦྲུམ་པའི་སྐབས་ཀྱི་བཟོ་ལྟ་རེད།
མེ་ཏོག་གི་སྐྱེས་ཆུང་མེད་ཀྱང་སྙན་ངག་ཚན་པ་འདི།
མིའི་རིགས་ཀྱི་མ་ཡུམ་དག་ལ་དྭངས་གཙང་གིས་མཆོད།
སྐྱེས་མ་ཚོ་རོལ་དབྱངས་ཤིག་རེད།
རྫ་ཆུ་ཤག་ཤག་འབབ་བཞིན་པའི་བཞུར་དབྱངས་དེ་རེད།
སྐབས་འདིར་བསམ་བྱ་ཡོད་ཚད་ཕངས་མེད་རྒྱང་ལ་དོར་རྗེས།
མ་ཡུམ་ཚོའི་མཛེས་སྡུག་དང་མཉེས་གཤིན་ཁོ་ན་མཆོད།
གནག་སྣུམ་ལན་ཚར་གྱི་གསང་བ་མཆོད།
ཁྲ་ཆེན་གཟི་མིག་གི་ཟུར་མདའ་མཆོད།
དྭངས་གཙང་ཆུ་མིག་གི་སེམས་པ་མཆོད།
གསུམ་བརྒྱད་བུད་མེད་དུས་ཆེན་མཆོད།