༄༅།། ཟ་ཁང་དུ་ཐང་ལ་འགྱེལ་ཏེ་རྨས་སྐྱོན་བཟོས་ན་སུས་འགན་འཁུར་དགོས།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-18
གྱོད་དོན།
ད་ལོའི་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་སྐབས་སུ་ལས་ཁུངས་སོ་སོ་ལ་གནང་བ་བྱིན་ཡོད་པས། ང་དང་གྲོགས་པོ་འགའ་ལྷན་དུ་འཛོམས་ཏེ་ཁང་ཐོག་གི་ཟ་ཁང་ཞིག་ཏུ་ཟ་མ་བཟའ་རུ་སོང་། ཟ་མ་ཟ་ཞོར་ཁ་བརྡ་བྱས་ནས་ཡུད་ཙམ་འགོར་རྗེས་ང་རང་ཆབ་གསང་བྱེད་དུ་སོང་ལ། བསམ་ཡིད་ལས་འདས་པ་ཞིག་ལ་སྤྱོད་ཁང་སྒོ་ཁའི་ཐང་དུ་ཆུ་ཡོད་པར་མཉམ་མ་བཞག་པས་ང་རང་ཐང་ལ་འགྱེལ་ཞིང་། སྐབས་དེར་ང་ལ་ན་ཟུག་ཆེན་པོ་སྐྱེས་ཏེ་ཡར་ལངས་ཀྱང་མི་ཐུབ། གྲོགས་པོ་ཚོས་མགྱོགས་མྱུར་གྱིས་ང་རང་སྨན་ཁང་དུ་ཁྲིད་དེ་བརྟག་དཔྱད་བྱས་རྗེས་སྨན་པས་བཤད་རྒྱུར། ངའི་རྐང་བ་གཡས་པའི་རུས་པར་རྨས་སྐྱོན་བྱུང་ཡོད་པས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱ་དགོས་ཟེར། ཕྱིས་སུ་སྨན་ཁང་ནས་ཕྱིར་བུད་རྗེས་ངས་ཟ་ཁང་གི་སྦྱིན་བདག་བཙལ་ཏེ་སྨན་ཡོན་སོགས་གྱོང་གུད་ཀྱི་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན། འོན་ཀྱང་སྦྱིན་བདག་གིས་བཤད་རྒྱུར། ང་རང་ཉིད་ཐང་ལ་འགྱེལ་བ་ཡིན་པས་ཟ་ཁང་ལ་འབྲེལ་བ་ཅི་ཡང་མེད།
གྱོད་དོན་དབྱེ་ཞིབ།
རང་རྒྱལ་《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས།》ནང་དུ་ཚོང་རྫས་དང་ཞབས་ཞུ་མཁོ་སྤྲོད་བྱེད་པའི་ཚོང་གཉེར་བའི་བདེ་འཇགས་ཁག་ཐེག་འོས་འགན་ཐད་གཏན་ཁེལ་གསལ་བོ་བྱས་ཡོད། བཅའ་ཁྲིམས་དེའི་དོན་ཚན་18པའི་གཏན་ཁེལ་ལྟར་ན། ཚོང་གཉེར་བས་མཁོ་སྤྲོད་བྱས་པའི་ཚོང་རྫས་དང་ཞབས་ཞུ་དེ་མི་ལུས་དང་རྒྱུ་ནོར་བདེ་འཇགས་ཀྱི་རེ་བ་དང་མཐུན་པར་ཁག་ཐེག་བྱ་དགོས། མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་གནོད་པ་ཡོད་པའི་ཚོང་རྫས་དང་ཞབས་ཞུ་འཛད་སྤྱོད་པར་དོན་དངོས་ཀྱིས་གསལ་བཤད་དང་ཉེན་བརྡ་གཏོང་དགོས་པར་མ་ཟད། ཚོང་རྫས་ཡང་དག་གིས་བཀོལ་སྤྱོད་བྱེད་ཐབས་སོགས་ཀྱང་གསལ་བཤད་བྱེད་འོས། ཚོང་གཉེར་བས་མཁོ་སྤྲོད་བྱས་པའི་ཚོང་རྫས་དང་ཞབས་ཞུ་ལ་ཆད་ལྷག་ཚབས་ཆེན་བྱུང་སྟེ་ཡང་དག་སྒོས་བཀོལ་སྤྱོད་དང་ཞབས་ཞུ་དང་ལེན་བྱས་ཀྱང་སྔར་བཞིན་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་གནོད་པ་ཡོད་ཚེ། དུས་ཐོག་ཏུ་འབྲེལ་ཡོད་སྲིད་འཛིན་སྡེ་དག་ལ་ཡར་ཞུ་དང་འཛད་སྤྱོད་པར་ཤེས་སུ་འཇུག་དགོས་པར་མ་ཟད། གནོད་འཚེ་འབྱུང་བར་སྔོན་འགོག་བྱེད་པའི་བྱེད་ཐབས་འདོན་དགོས། དོན་ཚན་11པའི་གཏན་ཁེལ་ལྟར་ན། འཛད་སྤྱོད་པས་ཚོང་རྫས་ཉོ་བའམ་བཀོལ་སྤྱོད་བྱེད་དུས་དང་ཞབས་ཞུ་དང་ལེན་བྱེད་དུས་ཚོང་གཉེར་མཁན་གྱིས་བདེ་འཇགས་ཁག་ཐེག་གི་འོས་འགན་སྒྲུབ་པ་མ་འདང་བར་མི་ལུས་དང་རྒྱུ་ནོར་ལ་གནོད་འཚེ་བྱུང་ན། གནོད་འཚེ་ཁེལ་ཡུལ་གྱི་ཁྲིམས་ལྟར་སྐྱིན་ཚབ་ཐོབ་པའི་ཁེ་དབང་ལོངས་སྤྱོད་བྱས་ཆོག ཚོང་གཉེར་བས་བདེ་འཇགས་ཁག་ཐེག་འོས་འགན་མ་བསྒྲུབས་པར་གྱོང་གུད་བཟོས་པ་ལ་སྐྱིན་ཚབ་འཇལ་བར་གཤམ་གྱི་ཆ་རྐྱེན་དག་ཚང་དགོས། གཅིག བདེ་འཇགས་ཁག་ཐེག་འོས་འགན་མི་བསྒྲུབས་པའི་བྱ་སྤྱོད་ཕལ་ཆེར་ནི་སྒྱིད་ལུག་གི་བྱ་སྤྱོད་ཡིན་ལ། འོས་འགན་ལག་བསྟར་བྱ་འོས་པའི་མིས་མཉམ་འཇོག་བྱ་འོས་པའི་འོས་འགན་མ་བསྒྲུབས་པས་སྲུང་སྐྱོང་བྱ་ཡུལ་གྱི་ལུས་དང་རྒྱུ་ནོར་ལ་གནོད་འཚེ་བཟོས་པ། གཉིས། གནོད་འཚེ་ཁེལ་ཡུལ་གྱི་མི་ལུས་དང་རྒྱུ་ནོར་ལ་གནོད་འཚེ་ཐེབས་པའི་དོན་དངོས་དང་བདེ་འཇགས་ཁག་ཐེག་འོས་འགན་མ་བསྒྲུབས་པའི་བྱ་སྤྱོད་གཉིས་ལ་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་པ། གསུམ། བདེ་འཇགས་ཁག་ཐེག་འོས་འགན་མ་བསྒྲུབས་པའི་ཚོང་གཉེར་མཁན་ལ་ནོར་འཁྲུལ་ཡོད་ཅིང་། བདེ་འཇགས་ཁག་ཐེག་འོས་འགན་མ་བསྒྲུབས་པར་མི་ལུས་དང་རྒྱུ་ནོར་ལ་གནོད་འཚེ་ཐེབས་པའི་སྐྱིན་ཚབ་འགན་འཁྲི་ཡི་ཆེ་ཆུང་ནི་ནོར་འཁྲུལ་ཡོད་མེད་དང་བསྟུན་ནས་ཐག་གཅོད་བྱ་དགོས། གོང་གི་བཅའ་ཁྲིམས་གཏན་ཁེལ་ལས་ང་ཚོས་ཤེས་ཐུབ་པ་ནི། སྦྱིན་བདག་ཟ་ཁང་གི་ཚོང་གཉེར་བ་ཡིན་ལ། ཞབས་ཞུ་མཁོ་སྤྲོད་བྱས་པའི་ཚོང་གཉེར་ས་གནས་ཀྱི་ཐང་ན་ཆུ་ཡོད་པ་ནི་མི་ལུས་བདེ་འཇགས་ཁག་ཐེག་གི་རེ་བ་དང་མི་མཐུན་པས། ཟ་མ་ཟ་རུ་ཡོང་བའི་མགྲོན་པོ་ཁྱོད་ལ་རྨས་སྐྱོན་བཟོས། དེ་བས་ཟ་ཁང་གི་སྦྱིན་བདག་གིས་གནོད་འཚེའི་སྐྱིན་ཚབ་ཀྱི་འགན་འཁྲི་འཁུར་འོས།
རམས་ཚེ་བྷོ་དང་སྐལ་བཟང་རྒྱལ་གྱིས་སྒྲིག་སྒྱུར་བྱས་པའི་《གྱོད་དོན་དབྱེ་ཞིབ་ཆིག་བརྒྱ་མ།》ལས་བཤུས།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1