ཞི་ཅིན་ཕིང་གིས་མི་གྲངས་དང་འཆར་ལྡན་བཙའ་གསོའི་ལས་ཀར་མཛུབ་སྟོན་གལ་ཆེན་གནང་།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-19


  སྤྱི་ཟླ་5པའི་ཚེས་18ཉིན། ཀྲུང་གོའི་འཆར་ལྡན་བཙའ་གསོ་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་རྒྱལ་ཡོངས་ཨུ་ཡོན་འཐུས་མིའི་ཚོགས་ཆེན་དང་སྔོན་ཐོན་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ། ཚོགས་ཆེན་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས་པ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་བླ་མེད་གུས་འདུད་དང་རྒྱ་ཆེའི་འཆར་ལྡན་བཙའ་གསོ་མཐུན་ཚོགས་ཀྱི་ཚོགས་མི་དང་དང་བླངས་པ། ལས་མི་བཅས་ལ་བརྩེ་བའི་འཚམས་འདྲི་ཞུས། 
  ཞི་ཅིན་ཕིང་གིས་མི་གྲངས་གནད་དོན་ནི་དུས་དང་རྣམ་པ་ཀུན་ཏུ་རང་རྒྱལ་གྱི་ཁྱོན་ཡོངས་རང་བཞིན་དང་ཡུན་རིང་རང་བཞིན། འཐབ་ཇུས་རང་བཞིན་གྱི་གནད་དོན་ཞིག་ཡིན། མ་འོངས་པའི་དུས་ཡུན་རིང་བའི་ནང་། རང་རྒྱལ་གྱི་མི་གྲངས་མང་བའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་འགྱུར་མི་སྲིད་པ་དང་། མི་གྲངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྲད་པའི་གནོན་ཤུགས་འགྱུར་མི་སྲིད། མི་གྲངས་དང་ཐོན་ཁུངས་ཁོར་ཡུག་གི་ཛ་དྲག་འབྲེལ་བ་རྩ་བ་ནས་འགྱུར་མི་སྲིད་པས་ངེས་པར་དུ་འཆར་ལྡན་བཙའ་གསོའི་གཞི་རྩའི་རྒྱལ་ཇུས་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱ་དགོས་ཞེས་བསྟན།
  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་སྟེ། འཆར་ལྡན་བཙའ་གསོའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་མི་གྲངས་དུས་ཡུན་རིང་བོར་དོ་མཉམ་སྒོས་འཕེལ་བར་སྐུལ་འདེད་གཏང་བར་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་རིགས་ཀྱི་མི་འོངས་པ།  ཁྱིམ་ཚང་དུང་ཕྱུར་ལྷག་གི་བདེ་སྐྱིད་དང་དམ་དུ་འབྲེལ་འདུག འཆར་ལྡན་བཙའ་གསོ་མཐུན་ཚོགས་ཀྱིས་རིམ་པ་སོ་སོའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་མུ་མཐུད་དུ་ནུས་པ་འདོན་སྤེལ་བྱས་ཏེ་སྔར་ལས་ལེགས་པའི་སྒོ་ནས་འཆར་ལྡན་བཙའ་གསོའི་དྲིལ་བསྒྲགས་སློབ་གསོ་དང་ལེགས་སྐྱེས་ལེགས་སྐྱོང་གི་སྣེ་ཁྲིད། འཆར་ལྡན་བཙའ་གསོའི་ཁྱིམ་ཚང་ལ་རོགས་སྐྱོར། གནས་སྤོར་མི་གྲངས་ལ་ཞབས་ཞུ་བྱེད་པ་སོགས་ཀྱི་ལས་ཀར་ཟབ་ཞུགས་བྱས་ཏེ་མི་གྲངས་དང་དཔལ་འབྱོར། སྤྱི་ཚོགས། ཐོན་ཁུངས། ཁོར་ཡུག་བཅས་ཀྱི་མཐུན་སྦྱོར་དང་རྒྱུན་མཐུད་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་དང་མི་དམངས་ཀྱི་བདེ་སྐྱིད་གོང་འཕེལ་དུ་འགྲོ་བར་འབད་པ་བྱས་ཏེ་མཛད་རྗེས་གསར་པ་འཇོག་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1