དེ་ཡང་དཔལ་ལྡན་རྒྱུད་བཞི་རུ་ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན་ཞེས་གསུངས་པ་ཡང་རྫས་གང་དང་གང་ཡིན་ཡང་དེ་ཉིད་འབྱུང་བཞིས་གྲུབ་ཅིང་། དེར་འདུས་པའི་རྫས་རྒྱུན་རྣམས་ཀྱིས་དེའི་ལྡོག་ཕྱོགས་ཀྱི་ཆ་འཇོམས་ཐུབ། རག་པའི་དབང་དུ་བཏང་ན་རྫས་ཐམས་ཅད་བསིལ་དྲོད་གཉིས་ཀྱི་ཁོངས་སུ་འདུས་ཤིང་། དེ་ཡང་དྲོད་ཀྱི་ཁོངས་སུ་འདུས་པའི་རིགས་དེ་དག་གིས་གྲང་བའི་ཆ་འཇོམས་ཤིང་བསིལ་བའི་རིགས་ཀྱི་ཁོངས་སུ་འདུས་པ་དེ་དག་གིས་ཚ་བའི་ཆ་འཇོམས་པས་ན་ས་སྟེང་དུ་གནས་པའི་སྐྱེ་དངོས་ཐམས་ཅད་ལ་ནད་སེལ་བའི་ནུས་པ་ཡོད་པར་མ་ཟད། རྫས་སྣ་མང་པོ་ཕྱོགས་གཅིག་ཏུ་སྦྱར་ནས་ནད་སེལ་བྱེད་ཀྱི་སྨན་སྦྱོར་ཡང་གྲུབ་པ་ཡིན། འོན་ཀྱང་རྫས་གང་དང་གང་ཞིག་ལྷན་དུ་བསྲེས་པའམ་མིའི་འདུལ་སྦྱོང་ལ་བརྟེན་ནས་ཐོག་མའི་ངོ་བོ་ལས་གཞན་དུ་འགྱུར་བ་དང་། དེ་ལྟར་འགྱུར་བའི་རྫས
དེའི་ནུས་པ་ཡང་སྔོན་མའི་ནུས་པ་ལས་ལྡོག་ཕྱོགས་སུ་འགྲོ་བའང་ཡོད། དཔེར་ན་གསེར་དང་དངུལ་ཆུ་ཐད་ཀར་བཏུང་ན་མིའི་ཚེ་སྲོག་འཕྲོག་ཀྱང་། འདུལ་སྦྱོང་ཚུལ་བཞིན་བྱས་པའི་བཙོ་ཐལ་དང་གསེར་ཐལ་ལ་རྒས་ཀ་སྲ་ཞིང་ཚེ་རིང་བར་བྱེད་པའི་ནུས་པ་ལྡན་པ་ལྟར། ཟས་སུ་རུང་བའི་རྫས་གང་ཞིག་རྫས་གཞན་ཞིག་དང་བསྲེས་ན་དེའི་ངོ་བོ་འགྱུར་ནས་ལུས་ལ་ཕན་པར་བྱེད་པའི་སྨན་ནམ་ཟས་དང་། དེ་ལས་ལྡོག་པའི་གནོད་ཟས་སུ་འགྱུར་འགྲོ་བས། འཆད་འགྱུར་གྱི་སྐབས་འདིར་ང་ཚོས་ཉིན་རེའི་འཚོ་བའི་ཁྲོད་ཁ་ཟས་སུ་སྤྱོད་པ་མང་བའི་ཟས་རིགས་དེ་དག་ལས་གང་གང་ལྷན་ཅིག་ཏུ་བསྲེས་ནས་ཟོས་ན་ལུས་ལ་ན་ཚ་སྐྱེད་ཅིང་རེ་འགས་སྲོག་ཀྱང་འཕྲོག་པར་བྱེད་པའི་རིགས་དང་། རྫས་གང་ཞིག་ཉར་ཚགས་བྱེད་སྟངས་སོགས་ཀྱི་དབང་གིས་ཀྱང་དེ་བཞིན་བྱེད་པའི་རིགས་རྒྱུད་བཞིའི་དགོངས་པ་གཙོ་བོར་བཟུང་རྫས་དེར་དུག་ཡོད་མེད་བརྟག་པ།
དེ་ཡང་ཟས་དང་སྐོམ་གང་ཞིག་ལ་སྦྱར་དུག་དང་དངོས་དུག་བསྲེས་ཡོད་པའམ། རྫས་རང་གི་ངོ་བོ་གཞན་དུ་འགྱུར་ནས་ལུས་ལ་གནོད་པར་བྱེད་པའི་གྱུར་དུག་དུ་སོང་བ་གང་ཡིན་ཡང་ཐོག་མའི་རང་གི་རང་བཞིན་དེ་ལས་ཁ་དོག་དང་དྲི་རོ་ལ་སོགས་པ་ལྡོག་ཅིང་མི་འདྲ་བར་འགྱུར་ཞིང་། རྫས་དེ་མེར་བསྲེགས་པའི་ཚེ་དུ་བ་རྨ་བྱའི་མགྲིན་པ་འདྲ་བ་སྔོན་པོར་འབྱུང་ཞིང་། མེ་ལྕེ་ཡང་གྱེན་དུ་མི་འགྲོ་བར་ཕྱོགས་གཅིག་ཏུ་འཁྱིལ་ཞིང་མེ་སྟག་རྒྱང་རིང་དུ་བརྒལ་ཏེ་འགྲོ་བ། ཁྱི་ལ་བྱིན་ན་རྫས་དེ་ཟོས་རྗེས་ཕོ་བ་དྲོན་པོར་གྱུར་པའི་ཚོད་ཙམ་ནས་ཡར་སྐྱུག་པར་བྱེད། བྱེ་བྲག་ཏུ་ཤ་ལ་དུག་ཡོད་ན་ཁ་དོག་སྔོན་ལས་ཇེ་དམར་དུ་སོང་ཞིང་ལྕགས་བསྲེགས་པར་སྦྱར་ན་དེའི་སྟེང་མི་འབྱར་བ། ཡང་ན་ཤ་དེ་སྦོས་པ་ལྟར་སོབ་སོབ་ཏུ་ཆགས་པ། ཆང་དང་སྦྱར་ནས་རླངས་པ་མིག་ལ་བདུགས་ན་མིག་ཚ་བར་བྱེད། གོང་དུ་སོང་བ་གདོད་མའི་སྦྱར་དུག་དང་གྱུར་དུག་རིགས་གཙོ་བོར་བཟུང་ནས་བརྟག་པའི་ཐབས་ཙམ་ཡིན་པ་ལས་དེང་སྐབས་གསར་དུ་སྦྱར་བའི་དུག་རིགས་ཟས་སྐོམ་ལ་སྦྱར་ཡོད་ན་འདི་ཙམ་གྱིས་རྟོགས་པར་མི་འགྱུར།
མི་འཕྲོད་པའི་ཁ་ཟས།
འབྲས་འགྲངས་པར་ཟོས་རྗེས་ཕྱེ་ཟན་ཟ་མི་རུང་།
ཁ་ཟས་ཀྱིས་འགྲངས་དྲག་རྗེས་ཉལ་པོ་སྤྱད་པའམ་བང་རྒྱུགས་བྱེད་པ། རྟ་ལ་ཞོན་ནས་རྒྱུག་པ། མི་ཐེག་བཞིན་དུ་ཁུར་བ་སོགས་བྱས་ན་རྒྱུ་མ་དྲང་སྲོང་གི་ནད(རྒྱུ་ལྷག)སོགས་འབྱུང་།
ཤིང་ཏོག་དང་སྔོ་ལྡུམ་རིགས་ཟོས་པ་མང་དྲགས་ན་ནད་ལྡང་སླ་ཞིང་ནད་ངོ་ལྕི།
ནོར་ལུག་སོགས་ཀྱི་མཆིན་པར་གཡེར་མ་བསྲེས་ནས་ཟོས་ན་སྙིང་ལ་གནོད།
སྦྲང་རྩི་དང་མར་རྙིང་གཉིས་དུས་གཅིག་ལ་ཆ་མཉམ་བྱས་ནས་ཟོས་ན་དུག་བཞིན་གནོད།
ཆུ་བྱའི་ཤ་དབྱར་ཁར་ཟ་མི་རུང་ཞིང་སྔོ་ལྡུམ་ཀེའུ་ནི་དབྱར་ཟླ་འབྲིང་པོའི་རིང་ཟོས་ན་སྨན་ལྟར་མཆོག
ཙོང་བསྲེག་པ་དང་སྦྲང་རྩི་གཉིས་ལྷན་ཅིག་ཟོས་ན་འཆི་བར་འགྱུར།
དགུན་སྟོད་རྒྱ་གཡེར་ཟོས་ན་སྙིང་ན་ཞིང་ཟོས་པ་མང་དྲགས་ན་མིག་ཀྱང་ན།
བྲ་བོ་མང་དུ་ཟོས་པར་གྱུར་ན་ལུས་གཡའ་བར་བྱེད་ཅིང་རླུང་ནད་སྐྱེད།
ནུབ་མོ་ཉལ་ཁར་ཆུ་དང་ཆང་དྲོན་མོ། ལ་ཕུག་རྙིང་བ་དང་ཤ་སྐམ་བཅས་བཟའ་མི་རུང་།
ལ་ཕུག་དང་བུ་རམ་གཉིས་ལྷན་ཅིག་ཟོས་ན་མི་འཕྲོད་ཅིང་ཞོ་དང་བྱ་གག་པའི་ཤ་དེ་བཞིན་མི་འཕྲོད།
ཉ་ཤ་དང་ཁ་ཚ་སྟེ་སུར་པན། མར་དང་ཚིལ་བཅས་ལྷན་ཅིག་ཟོས་ན་མི་འཕྲོད་ཅིང་། དེ་རྣམས་སྣོད་གཅིག་ཏུའང་འཇོག་མི་རུང་།
ནོར་གནག་གི་ཤ་དང་རྟ་ཤ་ལྷན་ཅིག་ཟོས་ན་ལྟོ་བའི་སྲིན་བུ་སྐྱེད།
ཉ་ཤ་དང་ཁྱིམ་བྱའི་ཤ་གཉིས་ལྷན་ཅིག་ཟོས་ན་སྐྲན་དུ་འགྱུར།
ཁྱིམ་བྱའི་སྒོ་ངའི་སྤྲི་དང་སྒོག་སྐྱ་ཟོས་ན་དབུགས་མི་བདེ་བའི་ནད་འབྱུང་།
ཁྱིམ་བྱའི་ཤ་དང་རི་བོང་གི་ཤ་གཉིས་ལྷན་དུ་ཟོས་ན་འཁྲུ་བར་བྱེད།
ཞོ་མ་ལངས་པ་དང་ཆང་གསར་གཉིས་ལྷན་ཅིག་ཏུ་འཐུང་བ་མི་འཕྲོད།
ཉ་ཤ་དང་འོ་མ་གཉིས་མི་འཕྲོད།
འོ་མ་དང་ཁམ་སྟར་ལ་སོགས་པའི་ཤིང་ཏོག་གཉིས་མི་འཕྲོད།
བྱའི་སྒོ་ང་དང་ཉའི་ཤ་ཡང་ལྷན་ཅིག་ཟོས་ན་མི་འཕྲོད།
སྲན་མའི་ཚོད་མ་དང་བུ་རམ་དང་ཞོ་གསུམ་མཉམ་དུ་ཟོས་ན་མི་འཕྲོད།
སེར་ཤ་ལ་སོགས་པ་ཤ་མོའི་རིགས་སུ་གཏོགས་པ་ཀུན་ཀྱང་ཡུངས་དཀར་ནག་གི་མར་ལ་བརྔོས་པ་ཡང་མི་འཕྲོད།
ཁྱིམ་བྱའི་ཤ་དང་ཞོ་བསྲེས་ནས་ཟ་བ་མི་འཕྲོད།
མར་གསར་བ་འཁར་བ་དང་ཟངས་ཀྱི་སྣོད་དུ་ཞག་བཅུའམ་བཅུ་ལས་ལྷག་པར་བཞག་པ་ཟོས་ན་མི་འཕྲོད།
ཅོང་ཞིའི་ཕྱེ་མ་ཟོས་པའི་རྗེས་ཤ་མོ་དང་ཁུར་བ་ཟ་མི་རུང་།
ཞུན་མར་ཟོས་རྗེས་ཆུ་འཁྱགས་སོགས་སྐོམ་གྲང་མོའི་རིགས་བཏུང་མི་རུང་།
ཤ་རློན་པ་ལ་འོ་མ་དང་ཞོ་སོགས་དཀར་དང་ཆང་སོགས་སྐྱུར་དང་རྩམ་པའི་དྲི་མས་ཕོག་སྟེ་ཞག་ཏུ་ལུས་པའང་ཟ་མི་རུང་།
ཤ་བཙོས་པའི་རླངས་པ་ཕྱིར་མ་ཐོན་པར་བསུབས་ཏེ་ཞག་བདུན་ལོན་པའང་ཟ་མི་རུང་།
སྟར་བུ་སོགས་སྐྱུར་དུ་གཏོགས་པ་རྣམས་འོ་མ་དང་ལྷན་ཅིག་ཏུ་ཟ་མི་རུང་།
རང་བྱུང་གི་ཟས་རིགས་ཟ་རྒྱུ་གལ་ཆེན་ཡིན།
གོང་དུ་བཤད་པའི་སྲོག་ཆགས་དང་སྐྱེས་དངོས་རྣམས་ནི་རྫས་འགྱུར་གྱི་ཞིང་ལུད་སོགས་ཀྱིས་མ་སླད་པའི་རང་བྱུང་ཁམས་ཆེན་པོའི་་སྟོབས་ཤུགས་ཁོ་ནར་བརྟེན་ནས་འཁྲུངས་བའི་རིགས་ཡིན་ཞིང་། དེ་རྣམས་ཀྱང་གང་བྱུང་དུ་ཟོས་ན་ལུས་ལ་འཚེ་བར་བྱེད་པའི་ནད་སྐྱེད་མོད། རེ་འགས་ཁོ་བོས་དུས་རྟག་པར་བྱའི་སྒོ་ང་དང་ཉའི་ཤ་སོགས་ལྷན་དུ་ཟོས་ཀྱང་མ་བདེ་བ་མེད་པར་འདོད་ཀྱང་། མི་འཕྲོད་པའི་ཟས་དེ་དག་ཚང་མས་ཟོས་མ་ཐག་ལུས་ལ་མདས་བསྣུན་པ་བཞིན་གནོད་པའི་ཚོར་བ་མི་ཐོན་རུང་། ལོངས་སུ་སྤྱད་པའི་ཟས་དེའི་དྭངས་མ་རིམ་བཞིན་ཕོ་བ་ནས་མཆིན་པ་སོགས་སུ་རྒྱུ་སྐབས་ལུས་ལ་གནོད་པའི་དུག་གི་ཆ་ཡང་རས་ལ་སྣུམ་ཞེན་པ་བཞིན་ལུས་ཀྱི་དོན་ལྔ་སྣོད་དྲུག་སོགས་སུ་བྱེར་ཞིང་། ནམ་ཞིག་རྒྱུ་དེ་ལ་བརྟེན་ནས་ནད་འབྱུང་བར་བྱེད། ཡང་ཅིག་བཤད་ན། སྐྱེས་བུ་སྟོབས་དང་ལྡན་པས་མི་འཕྲོད་པའི་ཁ་ཟས་དུས་ཡུན་རིང་པོའི་ཐོག་མར་ཆུང་ངུ་ནས་རིམ་བཞིན་ཆེ་རུ་བཏང་སྟེ་ཟོས་ན་རྨ་བྱས་དུག་ཟོས་པ་བཞིན་གོམས་པར་འགྱུར་བའང་ཡོད། འོན་ཀྱང་དེང་དུས་ཕག་ཕྲུག་བཙས་ནས་ཟླ་གསུམ་གྱི་རྗེས་སུ་རྒྱ་མ་སུམ་བརྒྱ་བཞི་བརྒྱ་ཡོད་པའི་ཕག་ཤ་ལྟ་བུ་སེམས་ཅན་གྱི་ཤ་དང་། ཉིན་ལྔ་དྲུག་རེའི་ནང་སྐྱེས་བཞིན་པའི་སྔོ་ཚོད་དང་ཉིན་བཅུ་གྲངས་རེའི་ནང་སྐྱེས་བཞིན་པའི་སིལ་ཏོག གཅིན་སྐྱག་དང་གད་སྙིགས་འདྲེན་སའི་སྦུ་གུ་ནས་བླངས་པའི་ཟ་སྣུམ་དག་ཏུ་ང་ཚོའི་ཚེ་སྲོག་ལ་གནོད་པའི་དུག་སྦྱོར་གང་ཙམ་ཡོད་པ་བློ་ཡུལ་ལས་འདས་པས། དེང་སྐབས་ཡུལ་ཁ་ཤས་སུ་སྐྱེས་ཚད་མཐོང་ཚད་དུག་ཏུ་འགྱུར་བའི་ཚོད་ལའང་བསླེབས་ཡོད་པས། རང་བྱུང་གི་རིགས་ཟ་ཅི་ཐུབ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད།