འདིར་བོད་ཀྱི་གསོ་བ་རིག་པར་གསུངས་པའི་བཏུང་བ་རིགས་གསུམ་གྱི་ཕན་གནོད་དང་། ཡང་སྒོས་འོ་མ་སྤྱི་དང་བྱེ་བྲག་གི་ནུས་པ་རོབ་ཙམ་ཞུས་ན་སྤྱིར་འོ་མས་རླུང་གི་ནད་རིགས་སེལ་བ་དང་། ཆུ་ཡིས་མཁྲིས་པའི་ནད་རིགས་སེལ། དེ་བཞིན་ཆང་ནི་བད་ཀན་གྱི་ནད་རིགས་ལ་ཕན་མོད། འོན་ཀྱང་མང་དྲགས་ན་དེ་ལས་ལྡོག་པའི་ནུས་པ་ཐོན་ཀྱིན་ཡོད་དེ། དཔེར་ན་འོ་མ་མང་དྲགས་ན་བད་ཀན་ཀྱི་ནད་བསྐྱེད་པ་དང་། ཆུ་ཁོལ་མའམ། ཆུ་གྲང་མོ་དང་བསྐོལ་གྲང་མང་དྲགས་ན་རླུང་གི་ནད་བསྐྱེད་པར་བྱེད། ཆང་གིས་མཁྲིས་པའི་ནད་རབ་ཏུ་བསྐྱེད་པར་བྱེད་པ་ཡིན་ནོ།
དང་པོ། བྱེ་བྲག་འོ་མའི་རོ་ནུས་ཕན་ཡོན་སྐོར།
སྤྱིར་འོ་མ་ཕལ་ཆེ་བ་རོ་མངར་བ་དང་། ཞུ་རྗེས་ཡང་མངར་ཞིང་ནུས་པ་སྣུམ་ལ་ལྕི་བས་ལུས་ཟུངས་འཕེལ་ཞིང་གཟི་མདངས་སྐྱེད་པ་དང་། རླུང་མཁྲིས་ཀྱི་ནད་སེལ་ཞིང་། རོ་ཚ་བ་སྟེ་ལུས་ཟུངས་ཀྱི་ཐ་མ་ཁུ་སྟོབས་འཕེལ་བར་བྱེད། ལྷག་པར་ཡང་བྱིས་པ་ལོ་ན་བཅུ་དྲུག་བར་དུ་འཚར་ལོངས་ཚུལ་བཞིན་ཡོང་ཐབས་དང་གཟུགས་སྟོབས་རྒྱས་པ། རྒན་གྲས་ལོ་ན་ལྔ་བཅུ་བརྒལ་ན་རུས་བཅུད་ཉམས་པ་གསོ་བ། བུད་མེད་བྱིས་པ་མང་པོ་བཙའ་མྱོང་བ་རྣམས་ཀྱི་རུས་པའི་བཅུད་གསོ་བར་ཕན་པ་དང་གྲུམ་བུ་སྔོན་འགོག་ཐུབ་པ། གློ་གཅོང་སོགས་ཡུན་རིང་ནད་ཀྱིས་མནར་བ་རྣམས་ཀྱི་ལུས་ཟུངས་གསོ་བ་སོགས་ཕན་ཡོན་བརྗོད་ཀྱིས་མི་ལངས་པ་ཡོད་པས་གོང་གསལ་རྒན་བྱིས་དང་གཅོང་ནད་ཅན་རྣམས་ཀྱིས་འོ་མ་གང་མང་འཐུང་དགོས། དེ་ཡང་རང་རང་གི་ལུས་ཁམས་དང་རང་བཞིན་ནད་གཞི་སོགས་དང་བསྟུན་ནས་འོ་མའི་རིགས་གང་དང་གང་འཕྲོད་པ་ཡོད་མེད་བརྟག་དཔྱད་སྒོས་བེད་སྤྱོད་བྱ་དགོས་པ་གལ་ཆེ།
གཉིས་པ། བྱེ་བྲག་འོ་མ་སོ་སོའི་ནུས་པའམ་ཕན་ཡོན།
བ་མོའི་འོ་མས་གློ་རྡོལ་གྱི་ནད་དང་། གློ་བའི་གཅོང་ནད། རིམས་ནད་རྙིང་བ་ཆམ་རིམས་ལྟ་བུ། གཅིན་སྙི་ཟ་ཁུའི་ནད་བཅས་ལ་ཕན་པ་དང་། གཞན་ཡང་ཡིད་གཞུངས་པ་སྟེ་བྱ་བ་གང་ལའང་མི་བརྗེད་པར་དྲན་པ་གསལ་བ། བློ་རྣོ་བར་གྱུར་པ་སྟེ་རིག་སྟོབས་འཕེལ་བར་མ་ཟད་ནད་གཞི་སྔོན་འགོག་དང་ལུས་བརྟས་པར་བྱེད་པ་འོ་མའི་ནང་ནས་མཆོག་ཡིན་པས་བྱིས་པ་རྣམས་ལ་བ་མོའི་འོ་མ་སྟེར་དགོས་པ་གལ་ཆེ། ར་མའི་འོ་མས་དབུགས་མི་བདེ་བའི་ནད་སེལ་བར་བྱེད་པས་གློ་གཅོང་གི་ནད་རྙིང་སོགས་ཀྱི་དབུགས་བསགས་སྐབས་ར་མོའི་འོ་མ་འཐུང་དགོས། ར་མའི་འོ་མས་རླུང་ནད་འཇོམས་པར་བྱེད་ཀྱང་སྙིང་གི་ནད་ལ་གནོད་པར་མ་ཟད་དྲན་པ་མི་གསལ་བར་འགྱུར་བ་དང་བརྗེད་ངེས་ཆེ་བར་འགྱུར་བས་བྱིས་པ་རྣམས་ཀྱི་ཤེས་རབ་ཉམས་པས་སྟེར་མི་རུང་། འབྲི་ཡི་འོ་མ་ནི་བ་མོའི་འོ་མ་ལས་ཤིན་ཏུ་ལེགས་པས་རྒན་བྱིས་ཚང་མས་སྤྱོད་འོས་ཀྱང་མང་དྲགས་པ་དང་ཁ་སྤྲི་མ་དོར་ན་མཁྲིས་པའི་ནད་སློང་བར་བྱེད། རྟ་བོང་གི་འོ་མ་ནི་གློ་ནད་ཀྱི་ནད་རིགས་ལ་ཕན་ཞིང་གློ་བའི་རྨ་གསོ་བར་བྱེད་པ་དང་། མ་ཧེའི་འོ་མས་ལུས་ཟུངས་གསོ་ཞིང་ལུས་ཀྱི་ཤ་རྒྱས་པར་བྱེད་ཅིང་ལོ་ན་རྒན་གྲས་རྣམས་ལ་འཕྲོད་ཀྱང་ལོ་ཆུང་བྱིས་པ་རྣམས་ཀྱི་བློ་རིག་རྨོངས་པར་བྱེད་པས་ལོ་ཆུང་བྱིས་པར་མ་བླུད་ན་ལེགས། དེ་ལྟར་བཤད་པའི་འོ་མའི་རིགས་ཐམས་ཅད་ཀྱང་བཞོས་ནས་མ་བསྐོལ་བར་གྲང་མོ་ནི་འོ་རློན་ཞེས་ནུས་པ་བསིལ་བ་དང་ལྡན་པས་སྲིན་གྱི་ནད་རིགས་དང་། བད་ཀན་གྱི་ནད་བསྐྱེད་པར་བྱེད་པས་ངེས་པར་བསྐོལ་དགོས། འོ་མ་གང་ཡང་ལེགས་པར་བསྐོལ་བ་ནི་ནུས་པ་ཡང་ཞིང་དྲོ་བས་འཇུ་སླ་བར་མ་ཟད། ནད་འབུའི་རིགས་སྔོན་འགོག་བྱ་ཐུབ་པ་དང་། ཡང་འོ་མ་ཡུན་རིང་བསྐོལ་ནས་གདུས་པར་གྱུར་ན་ནུས་པ་ལྕི་རུ་འགྲོ་བས་འཇུ་དཀའ་བར་འགྱུར། བཞོས་མ་ཐག་པའི་འོ་མ་དྲོན་མོ་ནི་ལུས་ཁམས་ལ་ཤིན་ཏུ་ཕན་པས་བདུད་རྩི་ཉིད་དང་མཚུངས་པར་བཞེད་དོ།
གསུམ་པ། འོ་མ་ལས་བྱུང་བའི་དཀར་གཞན་གྱི་ནུས་པ།
ཞོ་སྐྱ་ཞེས་འོ་མ་དཀྲོགས་ཏེ་སྙིང་བོ་མར་བཏོན་ཟིན་པའི་དར་བ་དེས་བད་ཀན་ལས་གྱུར་བའི་རིམས་ནད་དང་། རིམས་ཀྱི་ཆམ་པ། རིམས་ནད་འགྲམས་པ་དང་འཁྲུགས་པ། དེ་བཞིན་ཚད་པས་འཁྲུ་བ་རྣམས་སེལ་བར་བྱེད་དོ། འོ་མ་ལས་བྱས་པའི་ཞོ་ཀུན་རོ་དང་ཞུ་རྗེས་གཉིས་ཀ་སྐྱུར་ལ་ནུས་པ་བསིལ་སྣུམ་དང་ལྡན་པས་ཆབ་ཆེན་འགག་པ་སེལ་བ་དང་རླུང་ཚད་ཀྱི་ནད་སེལ་ཞིང་ཁ་ཟས་ཀྱི་དང་ག་འབྱེད་པར་བྱེད་དོ། དར་བ་གསར་བའི་དུས་སུ་རོ་སྐལ་སྐྱུར་ཞིང་ནུས་པ་ཡང་བ་དང་ལྡན་པས་ཕོ་བའི་མེ་དྲོད་སྐྱེད་པ་དང་། སྐྲན་གྱི་ནད། མཚེར་བའི་ནད། གཞང་འབྲུམ་གྱི་ནད། མར་མ་ཞུ་བའི་ནད་བཅས་སེལ་བ་དང་ཞོ་ཡི་ཁར་ཆགས་པའི་ཆུ་ནི་ཁོང་བ་འཁྲུ་ཞིང་བཤང་བ་སླ་བར་བྱེད་པ་དང་རྩ་སྦུབས་ཀྱི་ནད་རྣམས་སེལ་བར་བྱེད་པ་ཡིན་ནོ། ཕྱུར་ཁུས་རླུང་དང་མཁྲིས་པ་མི་བསྐྱེད་ཅིང་བད་ཀན་གྱི་ནད་སེལ་བར་བྱེད།ཞོ་ཆུ་བཙགས་རྗེས་མར་ཁུ་བཙོས་པས་ཤ་བ་སྐམ་པར་བྱེད་ཅིང་ཚད་པས་འཁྲུ་བ་སེལ་བར་བྱེད་པ་ཡིན།།