ཉེ་ལམ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་དང་། རྒྱལ་ཡོངས་《 གླིང་སྒྲུང་།》 འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་ལྷོ་ནུབ་མི་རིགས་སློབ་ཆེན་སོགས་ལས་ཁུངས་འགས་མཉམ་འབྲེལ་ཐོག་གཉེར་བའི་“ རྒྱལ་ཡོངས་གེ་སར་ཞིབ་འཇུག་རྟེན་གཞི།” སྒོ་བྱང་འགེལ་བའི་མཛད་སྒོ་ལྷོ་ནུབ་མི་རིགས་སློབ་ཆེན་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཧྲུའུ་ཅི་ཁྲའོ་ཁེ་དང་། རྒྱལ་ཡོངས་ཀྱི་《 གླིང་སྒྲུང་།》 ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན། ལྷོ་ནུབ་མི་རིགས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་པེན་ཅིན་དང་། སློབ་གཙོ་ཙེང་མིང་། མཚོ་སྔོན་ཞིང་ཆེན་《 གླིང་སྒྲུང་།》 མཐུན་ཚོགས་ཀྱི་ཚོགས་གཙོ་གཅོད་པ་དོན་གྲུབ། བོད་ལྗོངས་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་《 གླིང་སྒྲུང་།》 ཞིབ་འཇུག་ཁང་གི་ཀྲུའུ་རིན་གླིང་རྒྱས། སི་ཁྲོན་གྱི་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་དཀོན་མཆོག་རྡོ་རྗེ། མཚོ་སྔོན་ཞིང་ཆེན་རིག་གནས་ཐིང་གི་ཞིབ་འཇུག་པ་གཞོན་པ་ཡེ་ཆོས་མཚོ་དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཐིང་ཡུལ་ཤུལ་ཁུལ་ལས་ཐོགས་པ་འདན་མ་འཇམ་དབྱངས་ཚུལ་ཁྲིམས་དང་། དཀར་མཛེས་ཁུལ་རིག་གནས་ཁང་གི་འགོ་གཙོ་གཞོན་པ་ཆིའུ་ལིན་སོགས་མཛད་སྒོར་ཞུགས།
སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གཙོ་ཙེང་མིང་གིས་ཤིས་ཚིག་ཕུལ་གསུང་རྒྱུར། སི་ཁྲོན་བོད་རིགས་ས་ཁུལ་ནི་གླིང་སྒྲུང་ཞིབ་འཇུག་བྱེད་པའི་རིག་གནས་སྐྱེ་ཁམས་ཀྱི་ས་ཁུལ་གཙོ་བོ་དང་། ལྷོ་ནུབ་མི་རིགས་སློབ་ཆེན་ལ་《 གེ་སར་》 ཞིབ་འཇུག་ཁྱབ་ཁོངས་སུ་ཕུལ་བྱུང་སྲོལ་རྒྱུན་རིག་གཞུང་དང་ཅུང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད། དེ་རིང་རྟེན་གཞིའི་སྒོ་བྱང་བཀལ་ནས་ལས་གཞི་ལག་བསྟར་བྱེད་པའི་འགོ་ཚུགས་པ་རེད། དེའི་དམིགས་ཡུལ་ནི་གླིང་སྒྲུང་ཞིབ་འཇུག་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་བཏང་ནས། མ་འོངས་པར་བྱ་བའི་རྟེན་གཞི་ལྷོ་ནུབ་ཕྱོགས་སུ་བཙུགས་ནས། རྒྱལ་ཡོངས་ལ་ཁ་ཕྱོགས་ཏེ་ཁྱབ་རྒྱ་ཆེ་རུ་སྤེལ་བ། ཤེས་ལྡན་མི་སྣ་དང་འབུར་ཐོན་གྱི་བཟང་ཆ། ཁྱད་ཆོས་བཅས་དམིགས་འབེན་དུ་བཟུང་ནས་གེ་སར་ཞིབ་འཇུག་ཁྲོད་དུ་སྔར་ལས་ལྷག་པའི་གྲུབ་འབྲས་གཡུར་དུ་ཟ་བ་ལེན་རྒྱུའི་རེ་བ་ནན་མོ་བཅངས་ཡོད་ཅེས་བསྟན།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཁྲའོ་ཁེ་དང་ལྷོ་ནུབ་མི་རིགས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་པེན་ཅིན་གཉིས་ཀྱིས་“ རྒྱལ་ཡོངས་ཀྱི་གེ་སར་ཞིབ་འཇུག་ལྷོ་ནུབ་རྟེན་གཞིའི་” སྒོ་བྱང་བཀལ་བ་རེད།
ཉིན་དེའི་ཕྱི་དྲོར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་དབྱང་ཅ་མེན་གྱིས་འགོ་བཟུང་བའི་སློབ་གྲྭ་དེའི་བརྙན་རིས་གསོ་སྐྱོང་རྣམ་གྲངས་གལ་ཆེན་《རང་རྒྱལ་བོད་རིགས་ས་ཁུལ་གྱི་གེ་སར་རིག་གནས་ཞིབ་འཇུག་》 ཅེས་པའི་ཁ་བྱང་གི་སྙན་ཞུའི་ཚོགས་འདུ་མུ་མཐུད་དུ་འཚོགས་ཤིང་། ཚོགས་ཐོག་ཏུ། ལས་གཞིའི་འགན་འཛིན་པས་བསླབ་གཞིའི་འགན་ཁུར་བ་སོ་སོས་རང་རང་གི་ཞིབ་འཇུག་བྱ་བ་ངོ་སྤྲོད་བྱས་པ་འདི་ལྟར། སྤྱིའི་ཇུས་གཞི་དང་ཞིབ་འཇུག་བྱེད་ཐབས། སྔོན་དཔག་གི་གྲུབ་འབྲས་སོགས་ཀྱི་གནས་ཚུལ་ཡར་ཞུ་བྱས། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཚོགས་ཞུགས་ཆེད་མཁས་པ་ཡོངས་ཀྱིས་ཞིབ་འཇུག་ལས་ཀའི་དོན་སྙིང་དང་མ་འོངས་གྲུབ་འབྲས་བཅས་ལ་གདེང་འཇོག་ཚད་མཐོན་པོ་གནང་པར་མ་ཟད། དོན་སྙིང་ལྡན་པའི་བསམ་འཆར་བཏོན།།