《འཛམ་གླིང་ལོ་རྒྱུས་གནད་བསྡུས།》----- ཚེ་སྲོག་གི་བྱུང་བ།
ཚང་མས་ཤེས་གསལ་ལྟར། སྐྱེ་དངོས་ཐད་ཀྱི་ཤེས་བྱ་དེ་དག་ནི་ཐོ་འགོད་མ་བྱས་པ་དང་ངག་རྒྱུན་དུ་མ་ཁྱབ་པའི་ཡར་སྔོན་ལ། ང་ཚོས་བྲག་རིམ་གྱི་སྲོག་ལྡན་གཟུགས་ཕུང་གི་ཤུལ་བཞག་རྗེས་ཤུལ་དང་འགྱུར་རྡོ་ལ་བརྟེན་ནས་ཤེས་རྟོགས་བྱ་རྒྱུ་ཁོ་ན་ལས་ཐབས་གཞན་མི་འདུག ང་ཚོས་རྡོ་ལེབ་དང་བྱེ་རྡོ། རྡོ་གཡམ། རྡོ་ཐལ་བྲག་རྡོ་སོགས་ཀྱི་སྟེང་ནས་རུས་པ་དང་ཚི་སྣ། ཤིང་འབྲས། ཉ་ལྕིབས་ཀྱི་ཕྱི་སྐོགས། རྩྭ་རྩི་ཤིང་གི་གཞུང་རྟ་དང་རྩ་བ། སྡེར་འདྲེད་བྱས་ཤུལ། རྐང་རྗེས་སོགས་ཤུལ་བཞག་དངོས་རིགས་འབོར་ཆེན་རྙེད་པ་མ་ཟད། ད་དུང་བྲག་རིམ་ལས་གདོད་མའི་ཆར་ཆུས་བཤལ་འདེད་བྱས་པ་ལས་གྲུབ་པའི་ངོས་མི་སྙོམས་པའི་འབའ་འབུར་ཅན་གྱི་འགྱུར་རྡོ་དང་གདོད་མའི་མཚོ་རླབས་ཀྱི་ཤུལ་རྒྱུན་ཡང་མཐོང་ཐུབ་པ་རེད། མི་ཚང་མས་ཤེས་གསལ་ལྟར། སའི་གོ་ལའི་སྟེང་གི་གནའ་བོའི་སྐྱེ་དངོས་ལོ་རྒྱུས་ཆ་ཚང་དུ་ཕྱིར་མངོན་ཐུབ་པ་བྱུང་བ་འདི་ནི་ང་ཚོ་ཚང་མས་འབད་པ་ལྷོད་མེད་ཀྱིས་བྲག་རྡོ་འདི་དག་ལ་ཐོ་འགོད་དང་ཞིབ་འཇུག་བྱས་པ་ལས་བྱུང་བ་ཡིན་ཏེ། དེའི་རྐྱེན་གྱིས་ད་ལྟའི་གྲུབ་འབྲས་འདི་དག་ཀྱང་བྱུང་བ་རེད། གནའ་སྔ་མོར་མཚོ་ནང་དུ་འཐིམ་ནས་ཡོད་པའི་དིམ་བསགས་བྲག་རྡོ་དག་ནི་མེ་སྐྱོན་ཐེབས་རྗེས་ཀྱི་དཔེ་མཛོད་ཁང་གི་ཤོག་ལྷེ་དང་འདྲ་བར། གཅུས་ནས་འཁྱོག་པོར་བཏང་བ་དང་བཙིར་ནས་མནན་པ་སོགས་ཀྱི་རྐྱེན་པས་སྔ་མོ་ནས་རྣམ་པ་འགྱུར་འདུག་པ་དང་། དེའི་རྐྱེན་གྱིས་དིམ་བསགས་བྲག་རྡོ་དེ་དག་ནི་རིམ་པ་རེ་རེ་བཞིན་དུ་གྲལ་དག་པར་བསྒྲིགས་པ་ནི་མི་འདུག ཤེས་ཡོན་ཅན་གང་མང་གིས་དབྱིབས་འགྱུར་ནས་ཡོད་པའི་དིམ་བསགས་བྲག་རྡོ་དེ་དག་ལ་ཞིབ་འཇུག་བྱ་ཆེད་རང་གི་མི་ཚེ་གང་བོའི་སྟོབས་ཤུགས་ཡོད་རྒུ་ཕུལ་འདུག་སྟེ། ང་ཚོས་ཁོ་ཚོས་བཞག་པའི་ཐར་ཐོར་གྱི་ཟིན་ཐོ་འདི་དག་དག་སྒྲིག་བྱས་ནས་མི་རྣམས་ལ་དཔྱད་གཞིར་ཕུལ་ན། བྲག་རྡོ་འདི་དག་གིས་ཧ་ལམ་ལོ་ངོ་དུང་ཕྱུར16རིང་གི་ལོ་རྒྱུས་ཐོ་འགོད་བྱས་ཡོད་འདུག
ས་གཤིས་རིག་པ་བས་བྱུང་བ་ཆེས་སྔ་བའི་བྲག་རྡོ་དེ་དག་ལ་གདོད་སྐྱེས་བྲག་རྡོ་ཞེས་པའི་མིང་བཏགས་ནས་ཟིན་ཐོར་བཀོད་འདུག་སྟེ། བྲག་རྡོ་དེ་དག་མ་བྱུང་བའི་ཡར་སྔོན་དུ་ཚེ་སྲོག་གི་བྱུང་བ་མཚོན་པའི་ཤུལ་རྒྱུན་ཅུང་ཙམ་ཡང་མཐོང་རྒྱུ་མི་འདུག ང་ཚོས་མེ་གླིང་བྱང་མར་གསལ་རྗེན་དུ་ཐོན་པའི་གདོད་སྐྱེས་བྲག་རྡོ་གང་མང་རྙེད་པ་དང་། ས་གཤིས་རིག་པ་བས་དེ་དག་གི་མཐུག་ཚད་ལ་བརྟགས་ནས་མ་མཐའ་ཡང་ལོ་ངོ་དུང་ཕྱུར8ལྷག་འགོར་ཡོད་པ་ཚོད་རྩིས་བྱས་ཏེ། གདོད་སྐྱེས་བྲག་རྡོ་འདི་དག་གི་ལོ་ཚད་ཀྱིས་བྲག་རྡོ་ཡོངས་ཀྱི་ཟིན་ཐོའི་ཡུན་ཕྱེད་ཙམ་ལ་ཁྱབ་འདུག དེ་བས། ངས་དོན་གནད་འདིའི་གལ་ཆེན་རང་བཞིན་ཡང་བསྐྱར་བརྗོད་པར་བྱ་སྟེ། རྒྱ་མཚོ་དང་སྐམ་ས་ཐོག་མར་སོ་སོར་གྱེས་ཤིང་གྲུབ་པ་ནས་ད་ལྟའི་བར་གྱི་ཡུན་རིང་གི་ལོ་ཟླའི་ནང་། སའི་གོ་ལས་ཕྱེད་སྔ་མར་(ལོ་ངོ་དུང་ཕྱུར16གི་ལོ་རྒྱུས་ཡོད་པ་ལྟར་བྱས)ཚེ་སྲོག་གི་ཤུལ་རྒྱུན་གང་ཡང་བཞག་མི་འདུག ང་ཚོས་གདོད་སྐྱེས་བྲག་རྡོ་འདི་དག་གི་ནང་ནས་རླབས་རྒྱུན་དང་དྲག་ཆར་གྱི་ཤུལ་རྒྱུན་མཐོང་ཐུབ་ནའང་། སྲོག་ལྡན་གཟུགས་ཕུང་གིས་ཤུལ་དུ་བཞག་པའི་ཤུལ་རྒྱུན་དང་རྟགས་མཚན་ད་དུང་མཐོང་ཐུབ་མ་སོང་།
ང་ཚོས་བྲག་རྡོའི་ཟིན་ཐོ་དག་ལ་སྔར་ལས་གཏིང་ཟབ་པར་རྟོག་ཞིབ་བྱ་དུས། རིམ་བཞིན་ཚེ་སྲོག་གི་ཤུལ་རྒྱུན་མཐོང་ཐུབ་པ་མ་ཟད། ད་དུང་ཇེ་མང་ནས་ཇེ་མང་དུ་འདུག ས་གཤིས་རིག་པ་བས་ཆེས་ཐོག་མར་རྙེད་པའི་གནའ་བོའི་སྐྱེ་དངོས་ཀྱི་ཤུལ་རྒྱུན་གྱི་དུས་སྐབས་དེར“གནའ་བོའི་སྐྱེ་དངོས་ཀྱི་དུས་རབས་སྔ་མ”ཟེར། ང་ཚོས་འགྲོན་བུ་ཆུང་ངུའི་རིགས་ཀྱི་སྐོགས་ཤུན་དང་ཆ་འདྲ་བ་ཅན་དང་། རྩི་ཤིང་གི་རྣམ་པའི་སྲོག་ཆགས་ཀྱི་གཟུགས་གཞི་དང་མེ་ཏོག་གི་རྣམ་པའི་མགོ་བོ་དང་། རྒྱ་མཚོའི་འབུ་སྲིན་དང་རུས་སྐོགས་ཅན་གྱི་འབུ་སྲིན་དང་མཚོ་སྐྱེས་རྩྭ་རིགས་སོགས་གཟུགས་གཞིའི་གྲུབ་ཚུལ་ཅུང་སྟབས་བདེ་ཡིན་པའི་དམའ་རིམ་སྲོག་ལྡན་གཟུགས་ཕུང་གི་ཤུལ་རྒྱུན་རྙེད་དེ། འདི་དག་ནི་ཚེ་སྲོག་གྲུབ་ཡོད་པའི་བདེན་དཔང་དང་པོ་ཡིན། འབུ་འདབ་གསུམ་མ་ཟེར་བའི་སྲོག་ཆགས་ཤིག་ཡོད་པ་དེའི་ལུས་དབྱིབས་ནི་སྐྱེ་དངོས་གནོད་འབུ་དང་ཆ་འདྲ་ཞིང་། ཁོ་ཚོས་སྐྱེ་དངོས་གནོད་འབུ་དང་འདྲ་བར་རང་ཉིད་གོང་བུའི་རྣམ་པར་དྲིལ་འགྲོ་སྟེ། འདི་ནི་མིའི་རིགས་ཀྱིས་རྙེད་པའི་ཆེས་ཐོག་མར་བྱུང་བའི་སྲོག་ཆགས་རེད། དེའི་རྗེས་ཀྱི་ལོ་ངོ་ཁྲི་བརྒྱ་ཕྲག་མང་པོའི་རིང་སའི་གོ་ལའི་སྟེང་ཆུར་གནས་ཀྱི་སྡིག་པ་རྭ་ཙ་བྱུང་བ་དང་། དེ་དག་ནི་དེའི་ཡར་སྔོན་དུ་བྱུང་བའི་སྐྱེ་དངོས་དག་ལས་ལྷག་ཏུ་སྟོབས་ཆེ་ཞིང་མཉེན་འགྱུར་ལྡན་ལ། ཕྱི་ཡུལ་དང་འཕྲོད་ཤུགས་ཆེས་ཆེར་ལྡན།
སྲོག་ཆགས་འདི་དག་གི་གཟུགས་གཞི་ཆེ་རྒྱུ་མེད་དེ། ཆུར་གནས་པའི་སྡིག་པ་རྭ་ཙ་ནི་དེའི་ནང་ཆེས་ཆེ་བ་ཡིན་ཞིང་། ལུས་པོའི་རིང་ཚད་ལ་དབྱིན་ཚུན་9ཡོད། སྐབས་དེར་ད་དུང་སྐམ་སར་གནས་པའི་སྐྱེ་དངོས་ཀྱི་ཤུལ་རྒྱུན་ཅི་ཡང་མཐོང་རྒྱུ་མི་འདུག་སྟེ། རྩི་ཤིང་གི་རིགས་དང་སྲོག་ཆགས་ཀྱི་རིགས་གང་ཡང་མཐོང་མི་ཐུབ་ལ། མཚོ་ནང་དུ་ཡང་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་ཉ་རིགས་ཀྱི་ཤུལ་རྒྱུན་གང་ཡང་མཐོང་ཐུབ་མེད་པར། རྩི་ཤིང་གི་རིགས་དང་སྲོག་ཆགས་ཀྱི་རིགས་གང་ཡིན་ཡང་གཞི་རྩའི་སྟེང་ཆུ་སྲབ་ས་དང་མཚོ་རླབས་འཕྱུར་འཇགས་བྱས་ཤུལ་དུ་གནས་པའི་སྐྱེ་དངོས་ཙམ་རེད།
ང་ཚོས་ཆུར་གཡེང་རྩྭ་རིགས་སྐྱེས་ཡོད་པའི་གྲོག་ཤུར་དང་བྲག་ཞུན་མཚེའུ་ནང་ནས་ཆུ་ཐིགས་གཅིག་བཙལ་ཏེ་ཕྲ་མཐོང་ཆེ་ཤེལ་གྱིས་ཞིབ་ལྟ་བྱས་ཚེ། བྱུང་བ་ཆེས་སྔ་བའི་གནའ་དུས་ཀྱི་སྐྱེ་དངོས་ཀྱི་རྣམ་པ་རྟོགས་ཐུབ་པ་མ་ཟད། ཡ་མཚན་པར་མཐོང་ཐུབ་པ་ནི། ལུས་བོངས་ལ་ཆེ་ཆུང་ཅུང་ཙམ་ཡོད་པ་མ་གཏོགས། ཆུ་ཐིགས་ནང་གི་འགྲོན་བུ་ཆུང་ངུའི་རིགས་དང་ཆུར་གནས་སྡིག་པ་རྭ་ཙ་ཆུང་བ། མཚོ་སྐྱེས་རྩྭ་རིགས། རྩི་ཤིང་གི་རྣམ་པའི་སྲོག་ཆགས་བཅས་ཀྱི་གཟུགས་གཞིའི་ཁྱད་ཆོས་ནི་དེ་སྔ་སའི་གོ་ལའི་སྟེང་གི་སྐྱེ་དངོས་རྣམས་ཀྱི་རྒྱལ་པོར་གྱུར་མྱོང་བའི་ལུས་བོངས་ཆེ་ཞིང་ལྗིད་རྫོབ་ཅན་གྱི་གནའ་སྐྱེས་སྐྱེ་དངོས་དག་དང་ཧ་ཅང་འདྲ། ཡིན་ནའང་། ང་ཚོས་གནའ་བོའི་སྐྱེ་དངོས་ཀྱི་དུས་རབས་སྔ་མའི་བྲག་རྡོའི་སྟེང་ཚེ་སྲོག་བྱུང་བ་འགོ་བརྩམས་པ་གསལ་སྟོན་བྱེད་ཐུབ་པའི་ཤུལ་རྒྱུན་ཅི་ཡང་མེད་པ་ཤེས་དགོས། རྒྱུ་མཚན་ནི་སྲོག་ཆགས་ཤིག་ལ་རུས་པའམ་སྲ་མཁྲེགས་ཅན་གྱི་ལུས་པོའི་གྲུབ་ཆ་གཞན་གང་རུང་ངམ། ཡང་ན་སྲ་མཁྲེགས་ཅན་གྱི་སྐོགས་ཤུན་ཡོད་པ་མ་ཟད། ད་དུང་གཟུགས་ཕུང་ཆེ་ཞིང་ལྕི་ན་ད་གཟོད་ས་འདམ་ནང་རྗེས་ཤུལ་འཇོག་ཐུབ་མོད། གལ་ཏེ་གོང་གི་ཁྱད་ཆོས་དེ་དག་མེད་ན་འགྱུར་རྡོ་གང་ཡང་འཇོག་ཐུབ་པ་མ་རེད། འདི་ནི་དེང་སྐབས་ཀྱང་སའི་གོ་ལའི་སྟེང་རུས་པ་དང་སྐོགས་ཤུན་སོགས་ཅི་ཡང་མེད་པའི་ལུས་སྙི་སྲོག་ཆགས་ཁྲི་སྟོང་ཡོད་པ་དང་འདྲ་སྟེ། འདི་དག་གིས་ཀྱང་རྗེས་ཤུལ་ཅི་ཡང་འཇོག་ཐུབ་མི་འདུག་ཅིང་། མ་འོངས་པའི་ཚན་རིག་པ་རྣམས་ལ་སྲོག་ཆགས་འདི་དག་འཚོ་སྡོད་བྱས་མྱོང་བ་མཚོན་ཐུབ་པའི་ར་སྤྲོད་ཅི་ཡང་བྱ་མི་ཐུབ། དེ་བས། འདས་ཟིན་པའི་ལོ་ཟླའི་ནང་དུ་སའི་གོ་ལའི་སྟེང་འདིར་འདི་དག་དང་ཆ་འདྲ་བའི་སྲོག་ཆགས་ཀྱང་ཁྲི་མ་འབུམ་དུ་ཡོད་སྲིད་ཅིང་། ཁོ་ཚོས་ཀྱང་འཚོ་སྡོད་དང་སྐྱེ་འཕེལ། འཆི་འཕོ། དར་རྒྱས་སོགས་ཀྱི་བརྒྱུད་རིམ་གང་མང་བརྒྱུད་མྱོང་མོད། ཁོ་ཚོའི་ལུས་ཕུང་འཇམ་མཉེན་ཅན་དུ་གནས་པས་རྗེས་ཤུལ་ཅི་ཡང་བཞག་མ་སོང་བ་ཡིན་སྲིད། “སྐྱེ་མེད་དུས་རབས”སུ་གྲགས་པའི་སྐབས་དེའི་མཚེའུ་དང་རྒྱ་མཚོའི་གཏིང་མི་ཟབ་པའི་དྲོད་འཇམ་ས་ཁུལ་དུ་སྐོགས་ཤུན་དང་རུས་པ་མེད་ཅིང་ལུས་པོ་འཇམ་མཉེན་ཅན་དུ་འདུག་པའི་དམའ་རིམ་སྲོག་ཆགས་གང་མང་འཚོ་སྡོད་བྱས་ཡོད་སྲིད་ཅིང་། ལྗང་མདོག་གི་ཆུར་གཡེང་རྩྭ་རིགས་ནི་ཉི་འོད་ཕོག་ཐུབ་པའི་མཚོ་འགྲམ་དང་བྲག་རྡོའི་སྟེང་ཕོན་ཆེན་དུ་སྐྱེ་འཕེལ་བྱས་ཡོད་པ་འདྲ།
བྲག་རྡོའི་སྟེང་གི་ཟིན་ཐོ་དག་ནི་དངུལ་ཁང་གི་དངུལ་བཅོལ་འཛིན་ཡིག་དང་འདྲ་སྟེ། བདག་པོ་གང་དེའི་འཚོ་བའི་ཕྱོགས་ཡོངས་ཀྱི་ཟིན་ཐོ་འཆར་བར་བྱེད་མི་ཐུབ་པ་ཇི་བཞིན། བྲག་རྡོ་དག་གིས་ཀྱང་འདས་ཟིན་པའི་སྲོག་ཆགས་དང་བཅས་པའི་སྐྱེ་དངོས་དག་གི་ཟིན་ཐོ་ཆ་ཚང་ཐོ་འགོད་བྱེད་ཐུབ་པ་མ་ཡིན། སྐྱེ་དངོས་དག་གི་བྱུང་བ་ལོ་རྒྱུས་ཀྱི་ཟིན་ཐོར་འགོད་དགོས་ན། ཁོ་ཚོ་འཕེལ་རྒྱས་སུ་ཕྱིན་ནས་སྐོགས་ཤུན་དང་རུས་པ། རུས་སྐོགས། ཡང་ན་འདེགས་སྐྱོར་གྱི་གཞུང་རྟ་སོགས་གང་རུང་འབྱུང་ཐུབ་དགོས་ཏེ། དེ་ལྟར་ཡོད་ན་ད་གཟོད་རྗེས་ཤུལ་གང་རུང་འཇོག་ཐུབ་པ་རེད།
ཡིན་ནའང་། འགྱུར་རྡོའི་བྲག་རྡོ་འདི་དག་ལས་ཀྱང་ཆེས་སྔ་བའི་བྲག་རྡོའི་ཁྲོད་ནས་དེ་སྔ་རྡོ་སྣག་ཀྱང་རྙེད་མྱོང་སྟེ། དེ་ནི་ཟུར་གྱེས་ཀྱི་རྣམ་པར་གནས་པའི་ཐཱན་རིགས་ཤིག་ཡིན་ལ། ཆེད་མཁས་པ་ལ་ལས་དངོས་པོ་འདི་དག་ནི་རང་ལུས་ཀྱི་ཚད་མེད་པའི་འགུལ་སྐྱོད་ལ་བརྟེན་ནས་སྔོན་མའི་མཉམ་འདྲེས་ཀྱི་རྣམ་པའི་དངོས་གཟུགས་ཤིག་ནས་ཟུར་དུ་ཐོན་པ་ཞིག་རེད་ཅེས་ཚོད་རྩིས་བྱེད་བཞིན་འདུག །
2015ལོའི་《ཁ་བཏགས་དཀར་པོ།》དེབ་གསུམ་པ་ལས་བཤུས།