༄༅།། རྒྱལ་རོང་ཆུ་ཆེན་རྫོང་གི་བོན་པོའི་བྲག་རིས་ཀྱི་གསང་ཞིབ།

དཀོན་མཆོག་རྡོ་རྗེ། ཆོས་ནོར། ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-25



བྲག་བརྐོས་སྐུ་བརྙན།
        རྒྱལ་རོང་ནི་ཞང་བོད་རིག་གནས་ཀྱི་རྨང་གཞིའི་གཏིང་ཧ་ཅང་ཟབ་ས་དང་། ལྷག་པར་དུ་བོན་གྱི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རིན་ཡོད་སའི་ས་ཆ་གལ་ཆེན་ཞིག་རེད།  རྒྱལ་རོང་གི་ཆུ་ཆེན་རྫོང་དང་། རོང་བྲག་རྫོང་ནི་རྒྱལ་རོང་གི་རིག་གནས་དར་སའི་ལྟེ་བ་ཡིན་ཞིང་། ས་གནས་དེ་དག་ལ་ཞང་བོད་རིག་གནས་དང་བོན་གྱི་རིག་གནས་ཀྱི་གནའ་ཤུལ་དང་གནའ་རྫས་མང་དག་འབུད་བཞིན་ཡོད་དེ།  ལོ་གཉིས་ཙམ་གྱི་སྔོན་དུ་རྒྱལ་རོང་ཆུ་ཆེན་རྫོང་ནས་བོན་པོའི་བྲག་བརྐོས་རི་མོ་མང་དག་ཅིག་གསར་རྙེད་བྱུང་།

བྲག་བརྐོས་རི་མོ་རྙེད་ཡུལ།
        2014ལོའི་ཟླ་བ་5པའི་ཚེས་19ཅིན་ནས་ཚེས་22ཉིན། ང་རང་སྟབས་ལེགས་པ་ཞིག་ལ་ཆུ་ཆེན་རྫོང་གི་གདན་ཞུས་ལྟར།  རང་རྒྱལ་གྱི་ཆོས་ལུགས་གནའ་རྫས་རྟོག་ཞིབ་པ་མཁས་ཅན་ཝུན་ཡུས་ཁྲེང་དང་ཀྲུང་དབྱང་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ།  རང་རྒྱལ་གྱི་བྲག་བརྐོས་རི་མོ་རྟོག་ཞིབ་པ་མཁས་ཅན་ཀྲང་ཡཱ་སཱ་རྣམ་གཉིས་དང་ལྷན་དུ་ཆུ་ཆེན་རྫོང་གི་བྲག་བརྐོས་རི་མོར་རྟོག་ཞིབ་བྱེད་དུ་ཕྱིན་པ་ཡིན།  

གནའ་རྫས་རྟོག་ཞིབ་ཆེད་མཁས་པ་ཚོས་ཡུལ་དངོས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་པ།
གཅིག བྲག་བརྐོས་རི་མོ་རྙེད་ཚུལ་དང་དེའི་ས་དབྱིབས་དང་གནས་སྟངས་སྐོར།
        བྲག་བརྐོས་རི་མོ་དེ་དག་ནི་རྔ་བ་ཁུལ་ཆུ་ཆེན་རྫོང་ཐོག་ནས་སྤྱི་ལེ་གསུམ་ཙམ་ལས་མེད་པའི་ལི་ཝེར་ས་ཆ་རུ་འདུག  ས་གནས་དེ་རུ་བྲག་བརྐོས་རི་མོ་ཡོད་པ་ཤེས་མཁན་ཧ་ཅང་ཉུང་ཞིང་དེ་གལ་ཆེ་ཚུལ་ཤེས་མཁན་དེ་ལས་ཀྱང་ཉུང་ངོ་།། ལོ་གཉིས་ཙམ་གྱི་སྔོན་དུ་ཕ་ཡུལ་དར་མདོའི་འགག་སྟོད་ནས་ཡིན་པའི་བུ་མོ་ཞིག་གིས་དྲ་ཐོག་ནས་རྒྱལ་རོང་ཆུ་ཆེན་ནས་པར་བརྒྱབ་པའི་རྡོ་རིས་འདྲ་པར་ཞིག་མཐོང་འཕྲལ་མོ་རང་ཆུ་ཆེན་རྫོང་དུ་སོང་ནས་རྟོག་ཞིབ་བྱས་མཐར་བྲག་བརྐོས་རི་མོ་འདི་དག་གསར་རྙེད་བྱུང་།
        སྐབས་དེར་ང་རང་ཡང་ས་གནས་དེའི་བྲག་བརྐོས་རི་མོ་ཚང་མ་པར་རྒྱག་སར་སོང་བས་ཁོ་ཚོས་མ་རྙེད་པའི་རི་མོ་ཁ་ཤས་ཀྱང་གསར་རྙེད་བྱུང་སོང་།  བྲག་བརྐོས་རི་མོ་ཡོད་སའི་བྲག་ངོས་གཡས་ཕྱོགས་སུ་སྒྲུབ་ཕུག་གི་ཤུལ་ཡིན་པའི་བྲག་ཕུག་ཁ་ཤས་འདུག དེའི་མཐའ་སྐོར་དུ་བོན་གྱི་མ་རྒྱུད་སྐོར་གྱི་བྲག་རིས་མང་པོ་ཞིག་འདུག  ཚང་མའི་འོག་ལ་མཚན་བྱང་ཡི་གེ་ཁ་གསལ་པོར་བརྐོས་འདུག  དཔེར་ན།  བོན་གྱི་སྟོན་པ་འཆི་མེད་གཙུག་ཕུད་དང་། ལི་ཤུ་སྟག་རིང་། རྨེ་སྟོན་རི་ཁྲོད་པ། བོན་ཞིག་ཁྱུང་ནག  ཁྲོ་ཚ་འབྲུག་ལྷ་སོགས་སྐུ་གཟུགས་དང་མཚན་བྱང་གསལ་པོ་བཀོད་འདུག  ཕྱོགས་ཁ་ཤས་སུ་བོན་གྱི་གཟུངས་སྔགས་ཀྱང་བརྐོས་འདུག  སྒྲུབ་ཕུག་གི་ཡར་ཕྱོགས་སུ་མཁའ་འགྲོ་ཆོས་སྐྱོང་།  ལྷ་དང་ཀླུ་སོགས་ཀྱི་བྲག་བརྐོས་ཚན་པ་ལྔ་དྲུག་ཙམ་འདུག  ལུང་པའི་ཕུགས་སུ་བྱ་དང་གཅན་གཟན་གྱིས་ཕུང་པོ་ཟ་བཞིན་པའི་དུར་ཁྲོད་ཚུལ་གྱི་རི་མོ་ངོ་མཚར་བ་ཁ་ཤས་འདུག  གཡོན་ཕྱོགས་སུ་བུམ་པ་དང་དུང་དཀར་སོགས་བཀྲ་ཤིས་པའི་རི་མོ་མང་དག་ཀྱང་བརྐོས་འདུག  ད་དུང་བོན་གྱི་ཡིག་བརྒྱའི་གཟུངས་སྔགས་ཤིག་ཀྱང་བརྐོས་འདུག  སྒྲུབ་ཕུག་གི་བྲག་གདོང་ཞིག་ཏུ་དབའ་མོའི་རྡོ་བརྐོས་འདྲ་སྐུ་དང་གཟུངས་སྔགས་ཀྱང་བརྐོས་པའི་རི་མོ་དེ་ནི་ཕར་ལྟས་པ་ཙམ་གྱིས་ཧ་ཅང་རྙིང་ཉམས་དོད་པ་ཞིག་འདུག  གཞན་དག་གི་རི་མོ་དེ་དག་དེ་དང་བསྡུར་ན་ཅུང་གསར་པའི་ཉམས་དང་ལྡན་པ་འདྲ་འདུག
        བྲག་བརྐོས་ཡོད་སའི་ཉེ་འདབ་ཀྱི་ཞའོ་ཀྲི་རོང་ཟེར་བའི་མི་ཞིག་གིས་ངོ་སྤྲོད་བྱས་པ་ལྟར་ན།  ལོ་བཅུ་ཕྲག་སྔོན་དུ་བྲག་བརྐོས་རི་མོ་ཡོད་སའི་བྲག་སྣེ་དེ་འགད་རྫས་ཀྱིས་གཏོར་ཏེ་རླངས་འཁོར་གྱི་ལམ་ལས་པ་དང་།  ལུང་མདའ་རུ་ཨར་འདམ་བརྩིགས་ཏེ་གད་སྙིགས་སྤུངས་ས་བྱས།  ད་ལྟ་རི་མོ་གལ་ཆེ་བ་མང་པོ་ཞིག་གད་སྙིགས་འོག་ཏུ་བསྣན་ཡོད་ཚུལ་བཤད།   ད་དུང་ཁོ་ཚོས་བཤད་པ་ལྟར་ན། སྐབས་དེ་ལམ་ལས་སྐབས་ཀྱང་རི་མོ་མང་དག་ཞིག་གཏོར་བརླག་ཐེབས་ཡོད་སོང་ཟེར།  

བྲག་བརྐོས་སྐུ་བརྙན།
གཉིས། བྲག་བརྐོས་རི་མོའི་ནང་དོན་དང་དུས་ཚོད་ཐད་ཀྱི་བཤད་ཚུལ་སྐོར།

        ས་གནས་དེའི་རིག་གནས་ལ་ཆ་རྒྱུས་ཆེ་བའི་བོན་པོའི་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་གྱིས་གསུང་རྒྱུར། རབ་བརྟན་ཡུལ་གྱི་ལོ་རྒྱུས་དང་བྲག་བརྐོས་རི་མོ་དག་གི་མཚོན་དོན་སོགས་ལ་བལྟས་ན་གནས་འདི་ནི་མ་རྒྱུད་དང་གསང་གཅོད་ཀྱི་གནས་རི་ཞིག་ལ་ངོས་བཟུང་ན་ཤིན་ཏུ་འགྲིག་པར་མ་ཟད། རབ་བརྟན་དྲུང་ཡིག་མགོན་པོ་ཐར་གྱིས་ཁོང་གི་ལག་ཏུ་སྤྲད་པའི་རྒྱལ་རོང་ལོ་རྒྱུས་ས་ཁྲའི་ནང་འཁོད་པ་ལ་བལྟས་ན།  གནས་འདི་ནི་ལི་ཝེར་དུར་ཁྲོད་ཡིན་པར་གསལ་པོར་བཀོད་འདུག  དེས་མ་ཚད་པར་ཁྱུང་ལུང་དྲན་པ་ནམ་མཁའ་དང་འོད་ལྡན་འབར་མ་སོགས་གནས་འདིར་ཕེབས་ཏེ་གནས་སྒོ་ཕྱེས་པ་གསལ་ལ། དྲན་པ་ནམ་མཁའ་རྒྱལ་རོང་ཕེབས་པའི་གནས་ཚུལ་སོགས་ནི་རྒྱལ་རོང་དམུ་རྡོའི་བསང་མཆོད་དང་ཡུལ་ལྷའི་བསང་མཆོད་སོགས་སུ་གསལ་པོར་བཀོད་ཡོད།  གནས་འདི་ནི་རྒྱལ་རོང་གནས་ཆེན་དམུ་རྡོ་དང་། མཐའ་བཞི་ན་གནས་རི་ཆེན་པོ་བཞི། དེའི་མཐའ་ན་གནས་འབྲིང་བརྒྱད། དེའི་མཐའ་ན་གནས་ཕྲན་དྲུག་ཅུ་རྩ་གཉིས་ཡོད་པའི་ནང་གསེས་གནས་འབྲིང་བརྒྱད་ཡོད་པའི་ནང་གི་གཅིག་རེད། གནས་ཡིག་དང་ལོ་རྒྱུས་ཡིག་ཚང་ལྟར་ན་རྒྱལ་རོང་བྱ་རུ་གཙུག་ལྡན་ཞེས་པའི་གནས་ཡིན་པར་ཡང་གསལ་འདུག་གསུངས།


ཡེ་ཤེས་དབའ་མོའི་བྲག་བརྐོས་སྐུ་བརྙན།

        ས་གནས་དེའི་བླ་མ་འཇམ་དབྱངས་དང་མཆོག་སྤྲུལ་ནམ་མཁའ་ཚུལ་ཁྲིམས་སོགས་ཀྱིས་གསུངས་པ་ལྟར་ན།  གནས་འདི་ནི་བོན་པོའི་མ་རྒྱུད་གསང་མཆོག་མཐར་ཐུག་གི་གནས་ཡིན་པ་དང་བྲག་བརྐོས་རི་མོའི་ཐོག་གནས་བརྒྱད་སྲུང་བའི་མཁའ་འགྲོ་དང་ས་འདུལ་གྱི་མཆོད་རྟེན། དབལ་གཤེན་བརྒྱད། མེ་བརྒྱད། ཤིང་བརྒྱད། ཆུ་བརྒྱད། གཅན་བརྒྱད་སོགས་ཀྱི་རི་མོ་ཡོད་པ་དང་།  ད་དུང་བྲག་བརྐོས་ལྷ་རིས་འོག་གི་མཚན་བྱང་ཡི་གེ་ལྟར་ན་བོན་གྱི་སྟོན་པ་འཆི་མེད་གཙུག་ཕུད་དང་། ལི་ཤུ་སྟག་རིང་། བོན་ཞིག་ཁྱུང་ནག  ཁྲོ་ཚ་འབྲུག་ལྷ་སོགས་མ་རྒྱུད་སྐོར་གྱི་དཀྱིལ་འཁོར་ལ་སྐུ་གཟུགས་དང་མཚན་བྱང་གསལ་པོ་བཀོད་ཡོད་པས་བོན་གྱི་རྫོགས་པ་ཆེན་པོའི་གནས་ཆེན་ཞིག་ཡིན་པའི་ར་སྤྲོད་གནང་།
        རྒྱའི་མཁས་དབང་ཝུན་ཡུས་ཁྲེང་དང་ཀྲང་ཡཱ་སཱ་གཉིས་ཀྱིས་རི་མོ་དེ་དག་ནི་དུས་རབས་11པ་ནས་12པ་ཙམ་ཡིན་པའི་ངོས་འཛིན་གནང་རུང་།  བོད་ཀྱི་རི་མོའི་མཁས་དབང་ཁ་ཤས་གོང་གི་བཤད་ཚུལ་ལ་མི་འཐད་པར་ཆིང་རྒྱལ་རབས་སྐབས་ཀྱི་རི་མོ་དང་འདྲ་ཚུལ་ཡང་བཤད་བཞིན་འདུག  གང་ལྟར།  ཆུ་ཆེན་རྫོང་ནི་རྒྱལ་རོང་རྒྱལ་ཁབ་བཅོ་བརྒྱད་ཀྱི་ཆོས་སྲིད་ཀྱི་ལྟེ་བ་ལྟ་བུ་ཡིན་པས་རིག་གནས་དང་གནའ་ཤུལ་གཏིང་ཟབ་མོ་ཡོད་པ་བཤད་མ་དགོས་པ་ཞིག་རེད། འོན་ཏེ།  གོང་མ་ཆན་ལུང་གིས་1747ལོ་དང་1776ལོར་ཆུ་ཆེན་ལ་དམག་དྲངས་རྗེས་ཀྱི་སྔོན་དུ་ཡིན་པ་ལས་ཕྱིས་སུ་འབྱུང་མི་སྲིད་པ་ཚང་མས་ཤེས་གསལ་ལྟར་རེད།
        བྲག་བརྐོས་རི་མོ་འདི་དག་བོད་ཀྱི་མཁས་དབང་རྣམས་ཀྱིས་ཀྱང་མཐོང་ཆེན་གནང་ཞིང་། སྔོན་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། རྒྱལ་སྤྱིའི་བོན་གྱི་རིག་གནས་ཞིབ་འཇུག་པ་གྲགས་ཅན་ཚེ་རིང་ཐར་དང་། ལྷོ་ནུབ་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ། བོད་རིག་པའི་ཞིབ་འཇུག་པ་གྲགས་ཅན་ཐུབ་བསྟན་ཕུན་ཚོགས་ཆེད་དུ་ཕེབས་ནས་ཞིབ་འཇུག་གནང་།

དུར་ཁྲོད་ཀྱི་བྲག་བརྐོས་རི་མོ་།
གསུམ། རིག་འཛིན་ཀུན་གྲོལ་གྲགས་པའི་གཟིམ་ལམ་ལ་བརྟག་ཏེ་བྲག་བརྐོས་རི་མོར་དཔྱད་པའི་སྐོར།
        《བོན་གྱི་བླ་མ་ཀུན་གྲོལ་གྲགས་པའི་རང་རྣམ།》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2009ལོར་དེབ་གཟུགས་སུ་པར་སྐྲུན་བྱས་པའི་ཤོག་ལྷེབ་114པའི་ཕྲེང་2པར།
 ཡང་ཟླ་བ་དྲུག་པའི་ཚེས་གསུམ་ལ་རབ་བརྟན་རྒྱལ་ས་ལི་ཝེར་ཕོ་བྲང་དུ། མཆོག་སྤྲུལ་པད་མ་གཡུང་དྲུང་གི་གསང་མཆོག་ཞི་བའི་དབང་གི་སྔོན་འགྲོ་རྨིས་ལྟས་བཞག་ནུབ་ལ། ངེད་དཔོན་སློབ་སྔར་གྱི་སྒར་གཞིས་ཡོད་ཚུལ་རྣམས་ཉིན་གང་ཇི་བཞིན་ཡིན་པ་ལ། ཉེ་གནས་ཝེར་ཡ་དྲུང་མུ་དང་། ངེད་གཉིས་སྒར་གྱི་ཕ་ཟད་དེ་ན་སྐྱོ་སངས་ལྟ་བུ་གཅིག་གི་སྣང་ཚུལ་དུ་ཁོའི་ལག་དུ་རྨ་བྱའི་ཕོད་ལྡེམ་གྱིས་བྱས་པའི་བསིལ་གཡབ་མཛེས་པ་གཅིག་གིས་བསིལ་ཕབ་ཅིང་ཡོད་ཙམ། སྲིན་བུ་ནག་པོ་གཟུགས་བརྙན་སྤྲུལ་འདྲ་བ་གཉིས། བདག་གི་སྟེང་དུ་མགྱོགས་པར་རྒྱུགས་བྱུང་བ་ལས། ཉེ་གནས་ཀྱིས་ས་སྤར་གང་གཏོར་ཐལ་བའི་རྐྱེན་གྱིས་ཕྱིར་ལོག་ནས་བྲོས་སོང་བའི་མཐར། འོལ་བ་གཅིག་གིས་བར་སྣང་ནས་ས་ལ་གཤེར་ཞགས་སུ་བྱས་ནས་སྲིན་བུ་གཅིག་བཟུང་ནས་ཟོས་སོང་། གཅིག་དེ་གར་སོང་ཆ་མད་དུ་ཡལ། དེ་ལ་བདག་ཤིན་ཏུ་སྙིང་རྗེ་བ་གཅིག་བྱུང་ཡང་བྱེད་ཐབས་ཟད། །དེ་ནས་རྒྱལ་ཕྱོགས་དེར་ལྗོན་ཤིང་རྩི་ཏོག་སྣ་ཚོགས་འཁྲུངས་པའི་ཐང་ཡིད་དུ་འོང་བ་གཅིག་གི་ཕ་གི་དེ་ན་བྲག་རི་དཀར་པོ་གནམ་དུ་ཟུག་པ་གཅིག་དཀྱིལ་སྨད་ཙམ་ན་བྲག་ཕུག་ཆེན་པོ། ཕྱི་ཡི་གཟུགས་ནི་གཡུ་འབྲུག་འཁྱིལ་བ་འདྲ་བ། ནང་གི་ཕུག་པ་བུད་མེད་ཀྱི་མཚན་མ་འདྲ་བ་གཅིག་འདུག་པའི་སྒོ་གཅིག་འདུག་པ་དེ་ལ་འཛུལ་སོང་བའི་མུས་ནས། གཤིན་རྗེ་ཁམས་གསུམ་རྒྱལ་པོ་གཙོ་བོའི་ཕོ་རྒྱུད་དམ་ཅན་གྱི་ལྷ་ཚོགས་ཐམས་ཅད་ལོག་རིས་ཀྱི་ཚུལ་དུ་བཀྲ་ལྷམ་མེར་སྣང་། དེ་ནས་ཡར་ལ་ཐོག་འབུབ་ཅིག་གི་སྟེང་དུ་ཕྱིན་པ་ལ། མ་མོ་སྲིད་གསུམ་བདག་མོ་གཙོ་པའི་མ་རྒྱུད་མཁའ་འགྲོའི་སྡེ་ཚོགས་ཐམས་ཅད་བྲིས་པ་གསལ། ཡང་ཡར་ལ་ཐོག་ཕུབ་གཅིག་གི་སྟེང་དུ་ཕྱིན་པ་ལ། སྐུ་གསུམ་ཁྲོ་རྒྱལ་ལ་སོགས་ཡི་དམ་ཞི་ཁྲོ་ལྷ་ཚོགས་ཐམས་ཅད་བཀྲ་གསལ་ལམ་མེ་བྲིས་འདུག ཡང་ཡར་ལ་ཐོག་དབུབ་གཅིག་གི་སྟེང་དུ་ཕྱིན་པ་ལ། གྲུབ་ཆེན་བརྒྱད་ཅུ་གཙོ་པའི་བླ་མ་རིག་འཛིན་ཐམས་ཅད་ཁྲ་ཤིགས་སེ་བཀོད་པར་སྣང་། དེ་ཡི་དབུས་སུ་དཀྱིལ་འཁོར་ཆེན་པོ་གཅིག་གི་རྩར་ཁྲི་གཉིས་ཀྱི་སྟེང་དུ་འབོལ་སྔོན་པོ་རེ་བཏིང་འདུག་པས་དཀྱིལ་འཁོར་རྩར་ནས། ཁྱི་དཀར་པོ་ཞིག་ལངས་བྱུང་ནས་བདག་ཁྱོད་སུ་ཡིན། འདིར་འོང་བ་ཅི་དོན་ཟེར། དེ་ལ་བདག་གིས་ང་ལ་རིག་འཛིན་གཡུང་དྲུང་གླིང་པ་ཡང་ཟེར། གར་དབང་ཀུན་གྲོལ་གྲགས་པ་ཡང་ཟེར། སྣང་གསལ་འཇའ་ཚོན་སྙིང་པོ་ཡང་ཟེར། འདིར་འོང་བ་མཆོག་ཐུན་གྱི་དངོས་གྲུབ་ནོད་པ་ལ་ཡོང་བ་ཡིན་སྨྲས་པ་ལས། མ་ཁམས་པ་སྤྲུལ་བའི་སྐུ་མཆོག་པད་མ་གཡུང་དྲུང་ཉིད་ལྷོ་སྒོ་ལྟ་བུ་གཅིག་གི་ནང་ནས་བྱོན་བྱུང་སྟེ། ད་ཅིས་ཁྲི་གཉིས་ཡོད་པའི་སྟེང་དུ་ངེད་སློབ་དཔོན་བསྡད་པ་ལས་མ་ཁམས་པར། བུད་མེད་མཛེས་མ་ཞིག་དལ་གྱིས་སླེབས་བྱུང་ནས་བདག་ལ་བརྟེན་པའི་ཚུལ་གྱིས་སྡོད་སོང་། དེ་ཙམ་གཏེར་ཐོན་བྱང་ཆུབ་པའི་ཞལ་ནས། བུ་ཁྱོད་ཀྱི་ཌཀྐིའི་གསང་སྒོ་འབྲུག་གི་ཁུག་དེར། མཁའ་འགྲོ་བརྡ་ཡིག་ཡི་གེ་ཉི་ཤུ་ཡོད་པ་དེ་ལོན་ཨེ་ཡོད་གསུངས། ལོན་རྒྱུ་མཐོང་མ་བྱུང་ལགས་ཞུས་པས། ཨེ་ཨེ། དེ་ལེན་ན་གནད་འགག་ཆེན་པོ་ཡོད་པ་ཡིན་ཏེ། ད་གཟོད་མ་གཡེལ་གསུངས་པས་མུས་ནས་རྟོགས་པ་དེ་འགག་ཅེས་གསུངས་འདུག །ཁོང་ལ་གཟིམ་ལམ་འདི་བྱུང་པའི་དུས་ནི་ལྕགས་ཕག་སྤྱི་ལོ་1732ལོའི་ཟླ་བ་དྲུག་པའི་ཚེས་གསུམ་ཉིན་ཡིན་སྟེ། རང་རྣམ་ཤོག་ལྷེབ་101པའི་ཕྲེང་དང་པོར། དེ་ནས་རང་ལོ་སོ་གཉིས་པ་འགལ་བ་ཞེས་པ་ལྕགས་ཕག་གི་ཧོར་ཟླ་དང་པོའི་ཚེས་ལྔ་ལ། ཞེས་ལྕགས་ཕག་ལོའི་ཟླ་བ་སོ་སོའི་ནང་གི་མཛད་ཕྲིན་བརྗོད་པའི་སྐབས་སུ། ཟླ་བ་དྲུག་པའི་མཛད་ཕྲིན་བརྗོད་པའི་སྐབས་སུ་གོང་གསལ་རྒྱལ་ས་ལི་ཝེར་ཕོ་བྲང་དུ་བཞུགས་པའི་སྐབས་སུ་རྨི་ལམ་དེ་བྱུང་འདུག དེ་ལྟར་ཀུན་གྲོལ་གྲགས་པའི་གཟིམས་ལམ་དང་། དེང་དུས་ལི་ཝེར་བྲག་གི་ལོགས་རིས་གཉིས་ནང་དོན་དང་། བྲག་ཐོག་གོང་འོག་བར་གསུམ་གྱི་ལོགས་རིས་ཀྱི་གོ་རིམ་སོགས་ཕལ་ཆེར་གཅིག་པར་བྱུང་ཡོད་པ་འདི་ལ་དཔྱད་ན། རྒྱལ་རོང་ལི་ཝེར་བྲག་རིས་འདི་དག་ནི་བོན་བླ་ཀུན་གྲོལ་གྲགས་པའི་གཟིམས་ལམ་ལྟར་ཆུ་ཆེན་རབ་བརྟན་རྒྱལ་པོས་སྦྱིན་བདག་གནང་ནས་བརྐོས་པའམ། ཡང་ན་ཀུན་གྲོལ་གྲགས་པ་སྐུ་ཉིད་ཀྱིས་ཞལ་བཀོད་གནང་ནས་བརྐོས་པ་མིན་ནམ་སྙམ་པས་དཔྱད་འོས། །

གཟུངས་སྔགས་བྲག་བརྐོས་མ།
        སྤྱི་ལོ་1731ལོའི་ཟླ་བ་དྲུག་པའི་ཚེས་3ཉིན་ཆུ་ཆེན་རབ་བརྟན་རྒྱལ་པོའི་ལི་ཝེར་ཕོ་བྲང་དུ་རིག་འཛིན་ཀུན་གྲོལ་གྲགས་པའི་གཟིམ་ལམ་དང་། དེང་དུས་རྒྱལ་རོང་ལི་ཝེར་བྲག་ངོས་སུ་རྙེད་པའི་བྲག་རིས་གཉིས་ནང་དོན་གཅིག་མཐུན་བྱུང་ཡོད་པ་འདི་སྟེས་དབང་ཙམ་མ་ཡིན་པ་རྒྱུ་འབྲས་ཀྱི་འབྲེལ་བ་ཞིག་ཡོད་ངེས། ལི་ཝེར་ཕོ་བྲང་ཡོད་པའི་ཀ་ལིང་ཀ་ནས་བྲག་རིས་ཡོད་པའི་ས་ཆ་དེའི་བར་ལ་ཕལ་ཆེར་ལེ་དབར་གསུམ་བཞི་ཙམ་ལས་བར་མི་འགྱངས་པ་ཞིག་རེད་འདུག དེས་ན་ང་ཚོས་བརྟག་དཔྱད་བྱས་པ་ལྟར་ན་བྲག་རིས་འདི་ལ། 《ཀུན་གྲོལ་གྲགས་པའི་གཟིམ་ལམ་བྲག་རིས།》 ཤེས་ཟེར་འོས་པ་ཞིག་མཐོང་བས་དེ་ལྟར་འོས་མིན་དགག་བསྒྲུབ་ཆར་ལྟ་དབབ་ཏུ་གསོལ།
        མ་འོངས་པའི་ཆ་ལ་གནས་རི་འདི་དང་། བྲག་བརྐོས་རི་མོ་འདི་དག་གི་ལོ་རྒྱུས་རྒྱུ་ཆར་བྱས་ཏེ། རྒྱལ་རོང་ལོ་རྒྱུས་ཀྱི་བསྟན་པ་སྔར་ལས་རྒྱས་པ་དང་། རྒྱལ་རོང་ལོ་རྒྱུས་རིག་པ་དང་ལྷག་པར་དུ་བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་ཟུར་སྣེ་མང་པོ་ཞིག་འདི་ནས་རྙེད་ཐུབ་པར་བཤད་ཆོག་པ་རེད། རྒྱུ་མཚན་ནི་བྲག་བརྐོས་རི་མོ་དང་བྲག་བརྐོས་ཡི་གེ་དག་གི་ནང་དོན་ལ་གཞིགས་ཚེ། འདིའི་ནང་དུ་བོན་གྱི་ཆེས་སྔ་བའི་བླ་མ་མང་པོ་ཞིག་གི་མཚན་གྲངས་མང་པོ་ཞིག་དང་། རི་མོའི་ཆ་ནས་ཀྱང་གདོད་མའི་བོན་གྱི་སྒྱུ་རྩལ་ལ་རི་མོའི་ཉམས་སོགས་དོད་པས་ན། འདིས་བོད་ཀྱི་ལོ་རྒྱུས་རིག་གནས་ཉབས་ཞིབ་རྒྱུ་ཆ་ལ་མེད་དུ་མི་རུང་བར་བཤད་ཐུབ། འདི་ལ་ཀུན་གྱིས་གཅེས་སུ་འཛིན་པར་ཞུ།།

བྲག་བརྐོས་སྐུ་བརྙན།
2016ལོའི་《གངས་ལྗོངས་ཉི་གཞོན།》དེབ་བཞི་བ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1