སྐད་གཉིས་སློབ་ཁྲིད་སྤྱིར་བཤད་པ། ད་ལྟ་འཛམ་གླིང་ཡོངས་སུ་སྐད་གཉིས་སློབ་ཁྲིད་བེད་སྤྱོད་བྱེད་པའི་ས་ཆ་མང་པོ་ཞིག་ཡོད། རང་རྒྱལ་ལ་མཚོན་ན་སྐད་གཉིས་སློབ་ཁྲིད་བེད་སྤྱོད་བྱེད་པ་ཤིན་ཏུ་ཁྱབ་ཆེ་ལ། ལྷག་པར་གྲངས་ཉུང་མི་རིགས་ས་ཁུལ་དུ་ཧ་ཅང་མང་བར་མ་ཟད། རང་རྒྱལ་གྱི་གྲངས་ཉུང་མི་རིགས་སློབ་གསོའི་བྱ་གཞག་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་རེད། དེ་ནི་སློབ་མའི་སྐད་གཉིས་བཀོལ་སྤྱོད་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བའི་ཆེད་དུ་བཟོས་པའི་སློབ་གསོ་བྱེད་ཐབས་ཤིག་ཡིན། རྒྱལ་ཁབ་དང་ས་གནས་མི་འདྲ་བའི་དབང་གིས་སྐད་གཉིས་སློབ་ཁྲིད་ཀྱི་གོ་བ་ལེན་ཚུལ་ཡང་མི་འདྲ་སྟེ། བོད་རང་ལ་མཚོན་ན་སྐད་གཉིས་སློབ་ཁྲིད་ནི་གྲངས་ཉུང་མི་རིགས་ས་ཁུལ་ནས་བོད་ཡིག་གཙོར་བྱས་ཏེ་རྒྱ་ཡིག་བསྣན་པའི་སློབ་ཁྲིད་བྱེད་ཐབས་ཤིག་དང་། རྒྱ་ཡིག་གཙོར་བྱས་ཏེ་བོད་ཡིག་བསྣན་པའི་སློབ་ཁྲིད་བྱེད་ཐབས་དེ་ལ་ཟེར་བ་ཡིན། བྱེད་ཐབས་འདི་བོད་རང་ཉིད་ལ་མཚོན་ན་མིང་མི་འདྲ་ཞིག་ཡོད་དེ། དཔེར་ན།
1.ཕ་སྐད་སློབ་ཁྲིད། བོད་ཡིན་པ་དང་རྒྱའི་སྐད་ཡིག་ལས་གཞན་རྩིས་དངོས་རྫས་གསུམ་དང་ཆབ་སྲིད་ལོ་རྒྱུས་སོགས་ཕ་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱེད་པ།
2.ཕ་སྐད་དང་པོའི་སློབ་ཁྲིད། བོད་ཡིན་རུང་ཁོར་ཡུག་རྒྱའི་ཡུལ་དུ་ཡོད་པས་རྒྱ་ཡིག་དང་པོར་གྱུར་པ། དཔེར་ན། ཆུང་དུས་ནས་བཟུང་གྲོང་ཁྱེར་ཟི་ལིང་ནས་ནར་སོན་པའི་བོད་རིགས་ཀྱི་བྱིས་པ་ལྟ་བུ།
3.བོད་ཡིག་གཙོར་བྱེད་ལ་རྒྱ་ཡིག་བསྣན་པའི་སློབ་ཁྲིད་བྱེད་སྟངས།
4.རྒྱ་ཡིག་གཙོར་བྱེད་ལ་བོད་ཡིག་བསྣན་པའི་སློབ་ཁྲིད་བྱེད་སྟངས།
དུས་རབས་སྔོན་མའི་ལོ་རབས་བརྒྱད་བཅུ་བའི་ནང་གི་བོད་ཀྱི་སྐད་གཉིས་སློབ་ཁྲིད་ནི་དགེ་རྒན་གཅིག་གིས་སྐད་གཉིས་ཤེས་པ་དང་། སློབ་ཁྲིད་བྱེད་དུས་སྐད་གཅིག་གཙོར་བྱས་ཏེ་སྐད་གཞན་པའི་རོགས་རམ་བྱེད་པའི་སློབ་ཁྲིད་བྱེད་ཐབས་ཤིག་ཡིན་ཏེ། དཔེར་ན་རྒྱ་ཡིག་དགེ་རྒན་གྱིས་རྒྱ་ཡིག་གིས་སློབ་ཁྲིད་བྱེད་དུས་སློབ་མ་རྣམས་ཀྱིས་གོ་བ་ལེན་དཀའ་བ་དང་གོ་བ་ལེན་མི་ཐུབ་པ་དག་བོད་སྐད་ཀྱིས་གསལ་བཤད་བྱེད་པ་ཞིག་ཡིན་ལ། སློབ་ཁྲིད་བྱེད་ཐབས་འདི་ལས་མང་ཆེ་ཤས་ནི་སྐད་རིགས་གཅིག་ཡིན་ལ་སྐད་རིགས་གཞན་དེ་ཁ་སྣོན་ཙམ་ཡིན་པར་མ་ཟད། སློབ་ཁྲིད་བྱེད་ཐབས་འདི་ནི་བསླབ་གཞི་གཅིག་ལས་བྱུང་ལ་དེང་དུས་ཀྱི་སྐད་གཉིས་སློབ་ཁྲིད་ལྟར་རྩིས་དངོས་རྫས་གསུམ་སོགས་བོད་སྐད་ཀྱིས་ཁྲིད་པ་དང་གཞན་དག་རྣམས་རྒྱ་སྐད་ཀྱིས་ཁྲིད་པ་དང་གཏན་ནས་མི་འདྲ། འོན་ཀྱང་དེང་དུས་ཀྱི་སྐད་གཉིས་སློབ་ཁྲིད་ནི་ཆེད་ལས་རང་བཞིན་ལྡན་པའི་སློབ་ཁྲིད་བྱེད་ཐབས་ཤིག་ཡིན་ལ། དེང་སྐབས་ཀྱི་མི་རིགས་སློབ་གསོ་ཐད་ཀྱི་སྐད་གཉིས་སློབ་ཁྲིད་ནི་རང་མི་རིགས་ཀྱི་སྐད་དང་རྒྱ་སྐད་གཉིས་བྱེད་སྤྱད་དེ་སློབ་ཁྲིད་བྱེད་པ་ལ་ཟེར་བ་ཡིན་གྱི། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱིས་རང་ཉིད་ཀྱི་སྐད་རིགས་བེད་སྤྱོད་དང་འཕེལ་རྒྱས་སུ་འགྲོ་བའི་ཆེད་དུ་གྲངས་ཉུང་མི་རིགས་ས་ཁུལ་དུ་དེའི་ཁོར་ཡུག་དང་ས་ཆའི་ཁྱད་ཆོས་དང་བསྟུན་ནས། སློབ་གྲྭ་ཆུང་འབྲིང་དུ་རང་མི་རིགས་ཀྱི་སྐད་རིགས་དང་རྒྱ་སྐད་གཉིས་ཀྱིས་སློབ་ཁྲིད་བྱེད་བཞིན་ཡོད་པ་མ་ཟད། རང་མི་རིགས་ཀྱི་སྐད་རིགས་གཙོ་བྱས་ཏེ་རྒྱ་ཡིག་བསྣན་པའི་སློབ་ཁྲིད་མ་དཔེ་ཞིག་དང་། རྒྱ་ཡིག་གཙོར་བྱས་ཏེ་རང་མི་རིགས་ཀྱི་སྐད་རིགས་བསྣན་པའི་སློབ་ཁྲིད་མ་དཔེ་ཞེས་གཉིས་སུ་གྲུབ་ཡོད་ལ། དེ་ལས་སྔོན་མ་ནི་མ་དཔེ་དང་པོ་དང་། རྗེས་མ་ནི་མ་དཔེ་གཉིས་པ་ཞེས་བཤད་པ་ཡང་ཡོད་དོ། །
མིག་སྔར་གནས་པའི་གནད་དོན་ཁ་ཤས་དང་ཐག་གཅོད་ཐབས་འགའ། སྐད་གཉིས་སློབ་ཁྲིད་ཀྱིས་སློབ་མའི་བསམ་བློའི་ཀུན་སྤྱོད་དང་ཚན་རིག་རིག་གནས། ཡང་དག་པའི་འཇིག་རྟེན་ལྟ་ཚུལ། སྤྱི་ཚོགས་ལ་ཁ་ཕྱོགས་ནས་ལག་ལེན་གྱི་ནུས་པ་སོགས་ཕྱོགས་ཡོངས་ནས་སྐྱེད་སྲིང་དང་མཐོར་འདེགས་གཏོང་བཞིན་ཡོད་ཀྱང་། དེང་དུས་བོད་ཀྱི་སློབ་གསོའི་ཐད་ནས་སློབ་གྲྭ་མང་ཆེ་ཤས་ཀྱིས་སྐད་གཉིས་སློབ་ཁྲིད་ལས་བོད་རྒྱའི་སྐད་ཡིག་བཀོལ་བ་ནི་རྒྱ་བོད་ཀྱི་སྐད་ཡིག་བཀོལ་བ་ལས་ཉུང་བས། སློབ་མ་མང་ཆེ་ཤས་ལ་སློབ་ཁྲིད་བྱེད་ཐབས་དེ་མི་འཚམ་པ་དང་། ཡང་གཅིག་བཤད་ན་བོད་རྒྱའི་སྐད་གཉིས་སློབ་ཁྲིད་དེ་སློབ་ཆེན་ལས་བཀོལ་བ་ཉུང་བས་ཆེད་ལས་སྟེང་ནས་འབྲེལ་ཆགས་ཐུབ་མེད་པ་དང་། སློབ་ཆུང་ནས་མཐོ་འབྲིང་བར་དུ་བོད་རྒྱའི་སྐད་གཉིས་སློབ་ཁྲིད་ཡིན་རུང་སློབ་ཆེན་ལས་སློབ་ཁྲིད་བྱེད་ཐབས་ལ་འགྱུར་ལྡོག་བྱུང་ཡོད་པས་སྐད་གཉིས་སློབ་ཁྲིད་དེ་སློབ་ཆུང་ནས་སློབ་ཆེན་བར་དུ་གོ་རིམ་ལྡན་པ་ཞིག་ཏུ་གྱུར་མེད།
གནད་དོན།
(1)སྐད་གཉིས་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱས་པ་ཞན་པ། སློབ་ཆེན་ནས་སྐད་གཉིས་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཉུང་བ་དང་། དཔུང་སྡེ་འཛུགས་སྐྲུན་བྱས་པ་འཐུས་སྒོ་མི་ཚང་བ་དང་། རྒྱུ་རྐྱེན་གང་མང་ཞིག་གིས་སྐད་གཉིས་སློབ་གསོའི་ཕྱོགས་ལ་དཀའ་ཁག་མང་པོ་འདུག་པ་དང་གོ་རིམ་ངེས་ཅན་ཞིག་བརྒྱུད་དགོས་སྙམ།
(2)སྐད་གཉིས་སློབ་གསོའི་འཁྲིད་བའི་སློབ་དེབ་སྒྲིག་སྦྱོར་བྱས་པ་མི་འདང་བ། མིག་སྔར་སློབ་ཆེན་གྱི་སྐད་གཉིས་སློབ་གསོའི་ཁྲོད་འཁོལ་བཞིན་པའི་སློབ་དེབ་སྒྲིག་སྦྱོར་བྱས་པ་དག་ནི་ཚོད་ལྟའི་སློབ་དེབ་ཡིན་ལ། འདིའི་ཕྱོགས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཀྱང་བླངས་ཡོད་མོད། འོན་ཀྱང་ལ་ལར་ནང་དོན་ཆ་མི་ཚང་བ་དང་། ནོར་འཁྲུལ་དང་ཆད་ལྷག་བྱུང་ཡོད་པ། སློབ་དེབ་ནང་གི་བརྡ་ཆད་ཁ་ཤས་གོ་དཀའ་བ་དང་གཅིག་གྱུར་མིན་པ། སློབ་དེབ་མཐའ་དག་ཚད་ལྡན་ཅན་དུ་གཏན་འཁེལ་བྱས་མེད་པ་དང་བརྡ་ཆད་མཐའ་དག་གཅིག་གྱུར་བྱས་ཟིན་པའི་ཚད་ལྡན་གྱི་ཚིག་མཛོད་མེད་པ་སོགས་གནད་དོན་མང་པོ་ཡོད་པ་རེད། ཡང་གཅིག་བཤད་ན་འདི་དག་ཐམས་ཅད་ནི་སྐད་གཉིས་སློབ་གསོ་ལ་ཐེབས་པའི་ཤུགས་རྐྱེན་ཁྲོད་ཀྱི་རྒྱུ་རྐྱེན་གཙོ་བོ་རེད་སྙམ།
(3)སློབ་མས་དང་ལེན་བྱེད་དཀའ་བ་དང་བརྩོན་ལེན་མི་བྱེད་པ། སློབ་མ་རྣམས་ཀྱི་བསམ་པའི་འཆར་སོ་དང་འདུ་ཤེས་འཛིན་སྟངས། འཚོ་བའི་གོམས་སྲོལ། རིག་གནས་རྒྱབ་ལྗོངས། ས་གནས་ཁོར་ཡུག་སོགས་ཀྱི་དབང་གིས་ཕྱི་ཡོང་རིག་གནས་ལ་གོ་བ་ལོན་དཀའ་བ་དང་། སྤྲོ་བ་མེད་པ། ལྷག་པར་སྒྱུར་སྒྲིག་བྱས་པའི་ཐ་སྙད་དམ་བརྡ་ཆད་དེ་དག་བོད་སྐད་ཀྱི་ལུགས་དང་མི་མཐུན་པ་སོགས་ཀྱིས་རིམ་གྱིས་བརྩོན་ལེན་མི་བྱེད་པ་རེད།
ཐབས་ལམ་འགའ།
(1)བྱེད་ཐབས་སྣ་ཚོགས་སྤྱད་ནས་སྐད་གཉིས་དགེ་རྒན་གྱི་དཔུང་སྡེ་གསར་བ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་དགོས། ལྷག་པར་ཆེད་ལས་དགེ་རྒན་སྐྱེད་སྲིང་བྱ་རྒྱུ་ནི་ཕྱོགས་སོ་སོའི་ཧུར་ཐག་བྱ་དགོས་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། དགེ་རྒན་རང་ཉིད་ནས་འགོ་བརྩམས་ཏེ་སྦྱོང་བ་ལེགས་པོ་ཞིག་བྱ་རྒྱུ་གལ་ཆེ་བར་འདུག
(2)སློབ་དེབ་སྒྲིག་སྦྱོར་དང་འཛུགས་སྐྲུན་བྱ་རྒྱུ། སློབ་ཆེན་གྱི་སློབ་དེབ་ངེས་པར་གཅིག་གྱུར་ཅན་དུ་ཡོང་རྒྱུ་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་དགོས།
(3)མུ་མཐུད་དུ་སྐད་གཉིས་སློབ་གསོའི་ཞིབ་འཇུག་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། ཕྱོགས་ཡོངས་ནས་ཉམས་མྱོང་གི་སྤྱི་སྡོམ་བྱེད་པ་དང་བྱ་བའི་ལག་ལེན་ཁྲོད་འཚོལ་ཞིབ་བྱེད་པ། གཞན་གྱི་སྔོན་ཐོན་ལམ་ལུགས་ལ་སློབ་སྦྱོང་བྱེད་པ་སོགས་སྐད་གཉིས་སློབ་གསོ་བྱ་བར་རང་ཉིད་ཀྱི་ནུས་པ་སྔར་བས་ལེགས་པར་འདོན་པ་སོགས་བྱ་དགོས་སོ།།
རྩོམ་པ་པོ་ནི་ཞིན་ཧེ་རྫོང་ཆ་ཚང་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན།