བདེ་ཆེན་འབུར་མོ་བྲག་དཀར།
དེ་ཡང་འཛམ་བུའི་གླིང་དང་གངས་ཅན་བོད་ཀྱི་ཡུལ་ན། གནས་ཆེན་གནས་ཕྲན་གྲངས་ལས་འདས་པ་བཞུགས། ཀུན་ཀྱང་འབྲེལ་ཚད་དོན་ལྡན་སངས་རྒྱས་ཀྱི་བྱིན་རླབས་རྒྱལ་བའི་ཕྲིན་ལས་ཡིན། གནས་མཆོག་འདི་རྒྱལ་བས་ལུང་དུ་ཟིན་པའི་སྟོད་དུ་གྲགས་ཆེ་བ་གངས་དཀར་གྱི་རྒྱལ་པོ་ཏི་སེ་དང་། བར་དུ་ཁུངས་བཙུན་པ་ལ་ཕྱི་གངས་རྭ། སྨད་དུ་འགྲན་ཟླ་བྲལ་བ་ལྷོ་གནས་མཆོག་དཔལ་གྱི་ཙཱ་རི་ཏྲ་དང་གཉིས་སུ་མེད་པ། གནས་རི་སྤྱི་དེ་བཱི་ཀོ་ཊི་ཤར་གྱི་བྲག་རི་ཙཱ་འདྲ་རིན་ཆེན་དངོས་དེའི་གནས་ལག་ཏུ་གཏོགས་པ། ལྷ་མདོ་བདེ་ཆེན་འབུར་མོ་བྲག་དཀར་འདི་ཉིད་ནི། སློབ་དཔོན་པདྨས་སྒྲུབ་གནས་བྱིན་གྱིས་བརླབས་ནས་བཟུང་མཆོག་དང་ཐུན་མོང་གི་དངོས་གྲུབ་རྙེད་པའི་སྐྱེས་བུ་བར་མ་ཆད་པ་ཞིག་བྱོན། དུས་ཕྱིས་ཀུན་གཟིགས་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་གསུམ་བྱོན་ནས། རྩ་གསུམ་དགོངས་འདུས་སོགས་ཟབ་གཏེར་མང་པོ་གཏེར་སྟོན་ནས་བསྟན་འགྲོའི་རྒུད་པ་སེལ་བའི་ཆེད་དུ་སྒྲུབ་པ་ཚད་ལྡན་དང་། སྡེ་དགེ་རྒྱལ་རྒན་མ་ལ་གཏེར་སྐལ་གསེར་གྱི་ཕོ་རུ་དང་གསེར་གྱི་མཛོ་སྣ་སོགས་ཁྱད་ནོར་མང་པོ་གནང་མྱོང་བ་རེད་ཅེས་རྒན་རབས་མང་པོས་སྨྲ། དེ་རྗེས་མཁན་ཆེན་ངག་དབང་བསམ་གཏན་བློ་གྲོས་དཔོན་སློབ་འགའ་ཞིག སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་བཀའ་བཞིན་དཔལ་སྤུངས་བྱོན་སྐབས། གནས་འདིར་ཞག་གྲངས་ཅི་རིགས་བཞུགས། དེར་ནང་ཆེན་རྒྱལ་མཚན་ཞེས་པའི་བྱ་བྲལ་བ་ཞིག་འབྱོར། མཁན་སྤྲུལ་རྣམ་གཉིས་གསུང་གླེང་ཞིབ་རྒྱས་མཐར་མཁན་ཆེན་གྱིས་སྤྲུལ་སྐུ་རྒྱལ་མཚན་གནས་འདིར་བཞུགས་དགོས་ཚུལ་དང་། ལྷ་ཁང་གསར་བཞེངས་དང་ཨོ་རྒྱན་ནོར་ལྷའི་སྐུ་སོགས་གཞེངས་པའི་མཐུན་རྐྱེན་རྣམས་མཁན་ཆེན་ཉིད་ནས་མཛད། རྟེན་དང་བརྟེན་པ་བཅས་གྲུབ་པ་ན། མཁན་སྤྲུལ་རྣམ་གཉིས་གཙོས་འདུས་སྡེ་མང་ཙམ་ཞིག་གིས་སྒྲུབ་པ་ཉིན་བདུན་སོང་བའི་ཕྱི་དྲོར་སྒྲ་དང་བཅས་པའི་རླུང་ཆེན་པོ་ཞིག་བྱུང་བའི་ནང་དུ་སྲོག་ཆགས་བྱི་བ་ལྟ་བུ་ཞིག་ནར་རིལ་གྱིས་གནན་དོང་ནང་དུ་འཛུལ་སོང་། དེ་མ་ཐག་ཁ་བཀབ་ནས་ཨོ་རྒྱན་ནོར་ལྷའི་སྐུ་འཇོག མཁན་སྤྲུལ་གཉིས་ཀའི་ཞལ་ནས་རྒྱལ་ཁམས་ཡོངས་ལ་སྐུ་འདིས་ཕན་ཞེས་གསུངས། ངོ་སྤྲོད་མདོར་བསྡུས་རྒན་རབས་རྣམས་ཀྱི་ངག་བཞིན་བྲིས་པའོ། །དེ་ལྟར་གནས་མཆོག་འདི་ཉིད་དེང་སྡེ་དགེ་རྫོང་དཔལ་སྤུངས་ཤང་གི་ཁོངས་སུ་གཏོགས་ལ། དཔལ་སྤུངས་དགོན་པའི་རྒྱབ་རི་དབུ་ཆེ་བྲག་དཀར་སྙིང་པོ་ནས་བྱང་ཕྱོགས་སྤྱི་ལེ་ཉི་ཤུ་ཙམ་དུ་གནས། དེའང་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་མཛད་པའི་འདི་ཉིད་ཀྱི་གནས་ཡིག་སྟེ།
བདེ་ཆེན་འབུར་མོ་བྲག་དཀར་གྱི་བྲག་བརྐོས་ཡི་གེ
ཨོཾ༔ ཐཟོསྟདྦརྦདྱའན༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རིགས་ལྔ་དང༔ སྤྲུལ་སྐུ་ཨོ་རྒྱན་འགྲོ་བའི་དཔལ་དུ་ཤར༔ སྣང་ཚུལ་དུ་མས་ཆོས་སྒོ་མཐའ་ཡས་སྟོན༔ སྐུ་གསུམ་དེ་དང་རྒྱལ་སྲས་ཚོགས་ལ་འདུད༔ དེ་ཡང་ཨོ་རྒྱན་པདྨ་བདག་ཉིད་ཀྱི༔ མ་འོངས་པ་རྣམས་སྤྲོ་བར་བསྐྱེད་པའི་ཕྱིར༔ གནས་ཡུལ་པདྨ་བཀོད་ཀྱི་མདོ་བྱང་ནི༔ ཞིང་ཁམས་ཀུན་ཏུ་སྣང་བའི་ཆོས་ཐམས་ཅད༔ འཇིག་རྟེན་ཀུན་ལ་དེ་ཉིད་སྣང་བ་ནི༔ དམ་པའི་བྱིན་རླབས་གྲུབ་པ་ཐོབ་པར་བྱེད༔ ཞེས་པའི་དོན་གྱི་མདོ་བྱང་བསྟན་པ་ནི༔ དེ་ཡང་ཁྱད་པར་གནས་མཆོག་འདི་ཉིད་ནི༔ བྱིན་རླབས་ཐུགས་རྗེ་སྤྲིན་ཕུང་ཐིབས་སེ་བཞུགས༔ བྱེ་བྲག་ཨོ་རྒྱན་པདྨ་བདག་ཉིད་ཀྱི༔ དུས་གསུམ་རྟེན་འབྲེལ་འཛམས་པའི་ས་གནད་དུ༔ སྒྲུབ་པ་བྱས་ཤིང་དཔའ་བོ་མཁའ་འགྲོ་དང༔ བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས༔ ཡི་དམ་ཞི་ཁྲོ་ལྷ་ཚོགས་སྤྱན་དྲངས་ཏེ༔ དངོས་སུ་བསྟིམས་ཤིང་ཡུན་དུ་བཞུགས་གྱུར་པས༔ རྟེན་དང་བརྟེན་པར་བཅས་པ་བྱིན་གྱིས་བརླབས༔ འབྲེལ་ཚད་དོན་དང་ལྡན་པའི་སྨོན་ལམ་བཏབ༔ འབུར་ཞེས་བྱ་བའི་བྲག་རི་སྣང་བ་མཐའ་ཡས་འདྲ༔ རི་ཡི་དབུས་སུ་རང་བྱུང་མཆོད་རྟེན་བཞུགས༔ པད་འབྱུང་ལོ་གསུམ་སྒྲུབ་གནས་དབང་ཕུག་དང༔ གྲུབ་རྟགས་མཚན་མ་སྐུ་གསུང་ཐུགས་རྟེན་བཞུགས༔ མཚོ་རྒྱལ་སྒྲུབ་ཕུག་གསང་བའི་ཟླ་གམ་ན༔ གསང་བ་ཡོངས་རྫོགས་སྡེ་ཚན་བཅོ་བརྒྱད་བཞུགས༔ ཌཱཀྐིའི་གསང་ཕུག་སྟེང་ངོས་ཕྱོགས་ཆ་ལ༔ ཉེ་སྲས་བརྒྱད་སོགས་རང་བྱུང་ངོ་མཚར་བཞུགས༔ དེ་སྟེང་ཆའི་གཡས་ཀྱི་ཕྱོགས་མཚམས་སུ༔ པདྨ་བདག་གི་གྲུབ་རྟགས་ཞབས་རྗེས་ཡོད༔ གཡས་ཕྱོགས་ནམ་སྙིང་སྒྲུབ་ཕུག་དེ་འོག་ཆ༔ སྐ་བ་དཔལ་བརྩེགས་གྲུབ་པའི་གསང་ཕུག་ན༔ བཀོད་པ་བསམ་མི་ཁྱབ་པའི་མཚན་རྟགས་དང༔ རིགས་གསུམ་མགོན་པོ་རང་བྱོན་ཕྱག་མཚན་སོགས༔ གཞན་ཡང་ཡིག་འབྲུ་སྣ་ཚོགས་གསལ་བ་སྟེ༔ ཟབ་པའི་གཏེར་ལྔ་སྐུ་ཡི་གཏེར་གསུམ་སྦས༔ དབུས་ཕྱོགས་གསང་ཕུག་དེ་ཡི་ནང་རོལ་ན༔ གསང་བ་སྡེ་གསུམ་རྒྱ་མཚོའི་གླེགས་བམ་དང༔ མཁན་སློབ་རྣམས་ཀྱི་སྐུ་ཆས་སྣ་རེ་ཡོད༔ རྩ་བར་དགོངས་པའི་མན་ངག་དང༔ རིན་ཆེན་སྒྲོམ་བུ་གསེར་གྱི་སྒྲོལ་མའི་སྐུ༔ རྗེ་འབངས་རྣམས་ཀྱི་ཤོག་སེར་གླེགས་བམ་དང༔ ལོ་པཎ་གཏེར་བརྒྱ་གྲུབ་ཆེན་ཕལ་མོ་ཡི༔ གཏེར་རྫས་ཐུགས་བཅུད་མན་ངག་གསེར་ཆོས་རྣམས༔ གཞན་ཡང་རིན་ཆེན་ནོར་བུ་སྣ་ཚོགས་སྦས༔ བི་མའི་སྒྲུབ་ཕུག་མེ་ཏོག་ཁ་བྱེ་འདྲ༔ བྲག་གི་ལོགས་སུ་ཞི་ཁྲོ་རང་བྱོན་དང༔ བྱིན་གྱིས་བརླབས་པའི་གནས་མཆོག་གུད་དུ་སྦས༔ ཡེ་ཤེས་སྐུ་ཡི་ཞབས་ཀྱི་མཚན་མ་གསལ༔ རྫུ་འཕྲུལ་ཞབས་ཀྱིས་བཅགས་པའི་གནས་ཡིན་པའི༔ གངས་རྒྱལ་ཙཱ་རི་ཟབ་ལུང་གྲགས་ཆེ་ཡང༔ བདེ་ཆེན་འབུར་མོ་བྱ་བ་འདི་ཉིད་ལ༔ ཆར་མི་ཉེ་ཞིང་ཀུན་ལས་འདི་མཆོག་པས༔ བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ༔ མཁས་གྲུབ་ཀུན་གྱི་ཐུགས་བཅུད་ཡོངས་རྫོགས་སྦས༔ འདོན་པའི་སྐྱེས་བུ་སྦ་བཙུན་བློ་གྲོས་སོགས༔ སྐྱེས་ཆེན་དུ་མ་གུ་རུའི་ལུང་བསྟན་བཞུགས༔ དུས་གསུམ་བདེ་གཤེགས་སྔགས་བརྗོད་གནས་འདི་ནི༔ འོད་གསལ་ཐུགས་ཀྱི་གནས་མཆོག་ཡིན་པའི་ཕྱིར༔ རྩི་ཤིང་ནགས་ཚལ་ས་རྡོ་རི་བྲག་རྣམས༔ འཇའ་ཟེར་ཐིག་ལེ་རང་བྱོན་ཚུལ་དུ་གནས༔ ཁྱད་པར་ཅན་གྱི་གནས་མཆོག་འདི་ཉིད་ལ༔ ཕྱག་བསྐོར་བྱས་ཚད་ངན་སོང་སྐྱེ་སྒོ་གཅོད༔ བཀུར་སྟི་བྱས་ན་མཐོ་རིས་གནས་སུ་སྐྱེ༔ ཚོགས་འཁོར་གཅིག་གིས་བསོད་ནམས་ཚོགས་ཆེན་བསགས༔ ཚོགས་འཁོར་གཉིས་ཀྱིས་ལུས་ཀྱི་རྣམ་སྨིན་བྱང༔ ཚོགས་འཁོར་གསུམ་གྱིས་ཨོ་རྒྱན་པདྨ་བདག༔ དངོས་ནས་རྨི་ལམ་བརྡའ་ཡི་ཚུལ་དུ་མཇལ༔ ཚོགས་འཁོར་བརྒྱད་ཀྱིས་མཁའ་སྤྱོད་གནས་སུ་སྐྱེ༔ མཆོག་ཐོབ་འདོད་ན་རྩེ་གཅིག་སྒྲུབ་པས་འགྲུབ༔ འབྲེལ་ཚད་དོན་ལྡན་གནས་མཆོག་ཨེ་མ་ཧོ༔ ཨོཾ༔ གནས་ཆེན་ཉེར་ལྔའི་གཙོ་བོ་ཙཱ་རི་ཏྲའི༔ འདུས་མདོ་སྙིང་པོ་བདེ་ཆེན་པད་བཀོད་འདི༔ དད་ཅིང་མོས་པས་བསྐོར་བ་བྱེད་པ་རྣམས༔ ཕྱི་མ་བདེ་ཆེན་ཞིང་ཁམས་སུ༔ འོད་དཔག་མེན་ཀྱི་སྤྱན་སྔར་སྐྱེ༔ གནས་འདིར་ཚུལ་མིན་སྤྱོད་པ་རྣམས༔ ཚེ་འདིར་བར་ཆད་རྐྱེན་མང་ཞིང༔ དུས་མིན་འཆི་དང་དམྱལ་བར་སྐྱེ༔ དམ་མེད་ཚུལ་མིན་སྤྱོད་པ་རྣམས༔ གནས་འདིར་སྡོད་པའི་གནས་མ་ཡིན༔ སྐལ་ལྡན་ཚུལ་བཞིན་སྤྱོད་པ་རྣམས༔ སྐལ་བ་མཚམས་པའི་དངོས་གྲུབ་ཐོབ༔ ཅེས་པས་བསྐོར་ཚད་ཕན་ཡོན་ནི༔ ཡིད་གཅིག་དད་པ་ལྡན་པ་ཡི༔ བསྐོར་བ་གཅིག་གིས་དུང་ཕྱུར་གསུམ༔ བཟླས་བརྗོད་བྱེད་ཅིང་ཏིང་འཛིན་སྒོམས༔ དུང་བདུན་འགྱུར་དང་ནི་བརྒྱའི་འགྱུར༔ རང་རང་བློ་དང་འཚམས་པར་འགྱུར༔ དེ་ཡང་ཡར་མར་ཚེས་བརྒྱད་དང༔ ཉ་སྟོང་དུས་ཆེན་དེ་རྣམས་སུ༔ བྱེ་བ་ས་ཡ་དུང་ཕྱུར་འགྱུར༔ གཞན་དུ་ལོ་གཅིག་སྒྲུབ་པ་བས༔ འདི་རུ་ཞག་གཅིག་སྒྲུབ་པས་མཆོག༔ མཆོག་གླིང་གཏེར་མའོ༔ ཨོཾ༔ གནས་མཆོག་འདི་ཉིད་མཐོང་བ་དང༔ དད་ཅིང་བསྐོར་བ་སུས་བྱས་ན༔ རྐྱེན་ངན་བཟློག་ཅིང་བར་ཆད་ཞི༔ ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་ཕྱུག༔ ལུས་སྒྲིབ་བྱང་ཞིང་བདེ་འགྲོ་ཐོབ༔ མི་ལུས་དོན་དང་ལྡན་པར་འགྱུར༔ གནས་འདིའི་སྒོ་སྲུང་བྱ་ར་བ༔ གིས་ར་གཟི་ཁྱིམ་རྨ་ཐོམ་སོགས༔ འདི་དག་རྣམས་ཀྱིས་རི་དྭགས་ཞོན༔ རི་དྭགས་གསོད་སོགས་ཚུལ་མིན་ལས༔ གང་བྱས་དེ་དག་རྐྱེན་ངན་མང༔ ཕྱུགས་ལུག་དབུལ་ཞིང་ངན་ཤི་མང༔ དེ་བས་རྟག་ཏུ་འཛེམ་བག་བྱ༔ དྷ་ཐིམ༔ རྒྱ་རྒྱ་རྒྱ༔ཞེས་པ་འདི་ནི་གནས་མཆོག་འབུར་མོ་བྲག་དཀར་གྱི་འགྲམ་དུ་ཡོད་པའི་རྡོ་བརྐོས་གནས་བྱང་ལས་འཕྲི་སྣོན་མེད་པ་ཡིག་ཐོག་ཏུ་ཕབས་པའོ། །ཞེས་པའི་དཔེ་རྙིང་ལས་སོ། །
བདེ་ཆེན་འབུར་མོ་བྲག་དཀར་གྱི་བྲག་བརྐོས་ཡི་གེ
དེ་ལྟར་གནས་མཆོག་འབུར་མོའི་བསང་མཆོད་ཅིག་ལས། ཀྱེེ། འཇིག་རྟེན་གནས་ཀྱི་མཆོག་གྱུར་པ། །ཡུལ་ནི་སྦས་གནས་ལྷ་ཡི་མདོ། །བདེ་ཆེན་འབུར་མོ་པདྨ་བཀོད། །ཤེལ་བྲག་དཀར་པོ་ཟང་ས་ཟང་། །རྩེ་ལ་བྱ་རྒྱལ་ལྡིང་ཞིང་འཁོར། །ཐང་དཀར་ཐང་སྨུགས་ཀྱི་ལི་ལི། །ཁུ་བྱུག་གསུང་སྙན་ལྷང་སེ་ལྷང་། །ལྷ་བྱ་གོང་མོའི་སྙན་འགྱུར་སྒྲོགས། །སྤྲིན་དཀར་གཡུ་ཡི་ན་བུན་འཐིབ། །འབབས་ཆུ་སྙན་པའི་རྒྱུན་སྒྲ་ཅན། །དབྱར་སྤང་གཡུ་ཡི་མཛེས་རྒྱན་ལ། །ནག་མ་མེ་ཏོག་ཤམ་བུ་བཀྲ། །སུ་བཞུགས་རྣལ་འབྱོར་བག་རེ་ཕེབས། །ཅེས་སོགས་གསུངས་པ་བཞིན་ནོ། །གནས་མཆོག་འདི་ཉིད་ད་བར་དུ་ཉམས་ཆགས་ཆེར་མ་ཤོར་ནས་སྒྲུབ་ཕུག་དང་། བྲག་ངོས་ཀྱི་རང་བྱོན་དང་བརྐོས་གཟུགས་ཀྱི་གཟུངས་སྔགས། གཏེར་སྟོན་ཤུལ། རྡོ་བརྐོས་གནས་བྱང་སོགས་ངོ་མཚར་བ་མང་པོ་མཇལ་རྒྱུ་ཡོད་པའོ།།
བདེ་ཆེན་འབུར་མོ་བྲག་དཀར་གྱི་རང་བྱུང་བྲག་ཕུག