སློབ་མ་སྐྱེད་སྲིང་བྱེད་པའི་ཐབས་ལམ་འགའ་མདོར་ཙམ་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


    སློབ་གསོའི་མ་ལག་འཐུས་ཚང་དུ་བཏང་ཞིང་། ལྷག་ཏུ་སྤུས་མཚག་སློབ་གསོར་དོ་སྣང་བྱས་པ་དེས། སློབ་གསོའི་གནས་བབ་ལ་འགྱུར་ལྡོག་མངོན་གསལ་བྱུང་ཡོད་པ་ནི་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པ་དེ་སྨོས་ག་ལ་དགོས། ཡིན་ཡང་སློབ་གྲྭ་སོ་སོའི་ལག་བསྟར་དངོས་ཀྱི་ཁྲོད་དུ་མི་འདང་ས་དང་ཡང་ན་འཐུས་ཤོར་བྱུང་བའི་ཆ་ཡང་མང་དུ་གནས་པ་རེད། དེ་བས། སློབ་མའི་སློབ་སྦྱོང་གི་འགན་ཁུར་ལྕི་མོ་དེ་ད་དུང་སྔར་བཞིན་སློབ་གྲོགས་ཚོའི་ཕྲག་ཏུ་ལྗིད་ཏིག་གེར་བབས་ཡོད།གཤམ་དུ་ཁོ་མོས་རང་གི་ཉམས་མྱོང་དང་སྦྲགས་ནས་བསམ་ཚུལ་རགས་ཙམ་ཞུས་ན་འདི་ལྟ་སྟེ།
    སློབ་སྦྱོང་གི་འགན་ཁུར་ཇེ་ཡང་དུ་གཏོང་བ་དེ་ནི་སྐད་ཆ་ཚིག་ག་གཅིག་གཉིས་ཀྱིས་འགྲུབ་པ་ཞིག་གཏན་ནས་མིན་པར། དེ་ནི་རྙོག་འཛིང་ཆེ་ཞིང་ཕྱོགས་མང་པོར་འབྲེལ་བ་དམ་པའི་སྣང་ཚུལ་ཡ་མ་བརླ་ཞིག་རེད། སློབ་མའི་ཁུར་པོ་ཇེ་ཡང་དུ་གཏོང་བ་དེས་དོན་དུ་དགེ་རྒན་གྱི་ཁུར་པོ་ལྕི་རུ་ཕྱིན་པ་ཡིན་པས། གལ་ཏེ་ལས་དོན་དེར་དམིགས་གསལ་གྱི་གྲུབ་འབྲས་བཟང་པོ་ཞིག་འཐོབ་དགོས་ན་ངེས་པར་སྔོན་ལ་སློབ་མའི་སེམས་ཀྱི་གནོན་ཤུགས་མེད་པར་བཟོ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད་ལ། དེ་ལ་ཐོག་མར་སློབ་མའི་འཚར་ལོངས་ཀྱི་དགོས་མཁོ་དང་མཐུན་པའི་ཁོར་ཡུག་བཟང་པོ་ཞིག་འདོན་སྤྲོད་བྱ་རྒྱུ་དེ་གཙོ་ཞིང་། དེ་ལྟར་ན་ད་གཟོད་ཁོ་ཚོར་བློ་བདེ་བག་ཕེབས་ངང་འབད་འབུངས་བྱེད་པའི་སློབ་སྦྱོང་གི་སྤྲོ་སྣང་ཆེས་ཆེར་བསྐྱེད་ཐུབ།
    དགེ་རྒན་གྱིས་རྒྱུན་པར་སློབ་མ་སོ་སོའི་ཁྱད་ཆོད་ལ་གཞིགས་ནས་དེར་མཐོང་ཆེན་བྱ་དགོས་ལ། སློབ་ཁྲིད་བྱེད་པའི་ལས་དོན་ཁྲོད་མཐུན་རྐྱེན་འདྲ་མིན་སྣ་ཚོགས་བསྐྲུན་ཏེ་ཁོ་ཚོའི་ཤེས་རྟོགས་ཀྱི་རེ་བ་དང་། འབྲེལ་འདྲིས་ཀྱི་རེ་བ་སོགས་བསྐང་གང་ཐུབ་བྱས་ཏེ་བག་ཕེབས་དང་འཆམ་མཐུན་དགའ་སྐྱིད་བཅས་ཀྱིས་ཁེངས་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་བསྐྲུན་ཅི་ཐུབ་བྱ་དགོས་ཤིང་། ཁོ་ཚོའི་སེམས་ནང་གི་གནོན་ཤུགས་སེལ་ཐབས་བྱས་ཏེ་སློབ་སྦྱོང་གི་སྤྲོ་བ་འཕེལ་བར་ནུས་ཤུགས་འདོན་ཅི་ཐུབ་བྱ་དགོས་སོ༎
    དང་པོ། སློབ་སྦྱོང་གི་དམིགས་ཡུལ་གཏན་འཁེལ་གསལ་བོ་བྱེད་པ།
    སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་སློབ་མའི་རྟོགས་འདུན་གྱི་རེ་བ་ནི་ཤེས་བྱ་གང་སྦྱོང་བའི་སྔོན་འགྲོའི་ཆ་རྐྱེན་བཟང་པོ་ཞིག་ཡིན་པ་དང་། སློབ་མ་འགའ་རེར་སྐབས་རེ་ལ་ཅི་ཞིག་རྟོགས་འདུན་གྱི་རེ་བ་དབེན་ཕྱིར་སློབ་སྦྱོང་བྱེད་འདོད་མེད་པའམ། སློབ་སྦྱོང་ལ་འབད་འབུངས་བྱ་མི་འདོད་པ་སོགས་ཀྱི་གནས་ཚུལ་འབྱུང་སྲིད་པ་རེད། དེ་ནི་སློབ་སྦྱོང་གི་དམིགས་ཡུལ་མེད་པ་དང་གསལ་བོ་མིན་པར་རག་ལས་པས། སློབ་སྦྱོང་གི་འབྲས་བུ་མཐོ་རུ་འདེགས་དགོས་ན་དམིགས་ཡུལ་ངེས་ཅན་ཞིག་མཁོ་བ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་དོན་དག་ཅིག་ཡིན།
    སློབ་ཁྲིད་ཀྱི་གོ་རིམ་ཁྲོད་སློབ་ཚན་མང་ཆེ་བར་བརྗོད་བྱེད་ཚིག་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་ལ་བརྗོད་བྱའི་དོན་གསོན་ཉམས་ལྡན་ཞིང་སྒྲུང་དང་གཏམ་དཔེ་སོགས་ཀྱི་བརྒྱན་པ་སོགས་ཁྱད་ཆོས་མང་པོ་ལྡན་པ་རེད། ཡང་སློབ་ཚན་ཁ་ཤས་ཀྱི་ནང་དོན་གང་ཡིན་པ་དེ་ཐད་ཀར་བརྗོད་ཡོད་པ་ལས་བྱུང་རིམ་སོགས་གང་ཡང་མེད་པས་སློབ་མ་རྣམས་ལ་སྦྱངས་འདོད་ཀྱི་སྤྲོ་བ་རྒྱས་མི་ཐུབ། དེར་དང་ཐོག་དགེ་རྒན་གྱིས་སློབ་ཁྲིད་དངོས་གཞི་མ་ཚུགས་གོང་སློབ་ཕྱིའི་ཤེས་བྱ་མང་དག་ཅིག་གྲ་སྒྲིག་བྱ་དགོས་པ་སྟེ་དཔེར་ན་སྒྲུང་དང་གཏམ་དཔེ་དང་གླུ་གཞས་དང་རི་མོ་སོགས་ཏེ། དེ་བཞིན་སྤྱི་ཚོགས་ཐོག་གི་དོན་དངོས་དཔེ་གཞི་སོགས་གང་མང་བསྡུ་རུབ་བྱས་ནས་དེ་དག་གི་ནང་དོན་ཐད་ཀར་བརྗོད་པའི་སློབ་ཚན་ཁྲོད་བེད་སྤྱོད་པ་དང་། སློབ་ཚན་གྱི་ནང་དོན་དེ་རྣམས་ཀྱང་ཁ་གསལ་བ་དང་གོ་བདེ་བ་ཞིག་ཏུ་འགྱུར་བར་བསམ་གཞིག་མང་ཙམ་བཏང་བ་ཡིན་ན། སློབ་མའི་རིག་གནས་ཤེས་བྱ་སྦྱོང་འདོད་ཀྱི་སེམས་ཤུགས་དེ་བས་ཇེ་ཆེར་གཏོང་ཐུབ་ལ་སློབ་སྦྱོང་གི་དམིགས་ཡུལ་ཡང་གསལ་ཁ་བྱེད་པར་ཕན་འབྲས་ཤིན་ཏུ་ཆེ།
    གཉིས་པ། རང་དབང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐབས་བྱེད་པ།
    སློབ་གྲྭའི་ནང་འབྲེལ་འདྲིས་བྱེད་པའི་དགོས་མཁོ་ནི་གཙོ་བོ་དགེ་རྒན་ལ་འབྲེལ་འདྲིས་བྱེད་པ་དང་། སློབ་མ་ཕན་ཚུན་བར་འབྲེལ་འདྲིས་བྱེད་པ་སྟེ་ཕྱོགས་གཉིས་ཡིན་ལ། སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཡང་འབྲེལ་འདྲིས་དེ་ཙམ་ལས་འདའ་མི་སྲིད། སློབ་མས་དགེ་རྒན་ལ་འབྲེལ་འདྲིས་བྱེད་པ་དེར་ཧ་ཅང་མཐོང་ཆེན་བྱེད་པ་རེད། དགེ་རྒན་ལ་བརྩི་བཀུར་བྱེད་པ་དང་། དགེ་རྒན་གྱི་ཁ་ཏ་བསླབ་བྱར་ཉན་པ། དགེ་རྒན་གྱི་བཀའ་དང་ལེན་བྱེད་པ། དགེ་རྒན་གྱི་གཏམ་སྤྱོད་གཉིས་ལ་སློབ་སྦྱོང་བྱེད་པ། དེ་དག་གི་ཁྲོད་དུ་དགེ་རྒན་གྱི་བྱ་སྤྱོད་ཀྱིས་སློབ་མར་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད་པས། དགེ་རྒན་གྱིས་ཀྱང་དེ་བྱ་བ་ཕྲན་ཚེགས་ཤིག་ལ་གཏན་ནས་རློམ་མི་རུང་།
    དགེ་རྒན་དང་མིའི་འབྲེལ་འདྲིས་གཙོ་བོ་སྐད་ཆའི་ཐོག་ནས་བྱ་དགོས་པས། དགེ་རྒན་གྱི་སྐད་ཆ་བཤད་སྐབས་ཁ་ཕྱོགས་གསལ་བོ་དང་གནད་ལ་ཁེལ་པ་ཞིག་དགོས་པ་རེད། དེ་ལྟ་བུའི་སྐད་ཆའི་སློབ་ཁྲིད་དུས་རྒྱུན་དུ་བེད་སྤྱོད་བྱེད་ཐུབ་ན་སློབ་མ་མང་པོ་ཞིག་དགེ་རྒན་དང་འབྲེལ་འདྲིས་བྱེད་པའི་རེ་བ་བསྐང་ཐུབ་ལ། ཁོ་ཚོའི་སློབ་སྦྱོང་གི་ཀུན་སློང་ཡང་དག་ཏུ་སོང་ནས་རང་འགུལ་ངང་སློབ་སྦྱོང་གི་བྱ་འགུལ་ཁག་ལ་ཞུགས་རྒྱུར་སྐུལ་འདེད་གཏང་ཐུབ།
    དགེ་རྒན་གྱི་སློབ་ཁྲིད་བྱེད་པའི་རྣམ་འགྱུར་ནི་བྱམས་བརྩེ་ཆེ་ལ་བརྩེ་དུང་དང་ལྡན་པ་ཞིག་དགོས་པ་དང་། སློབ་ཕྲུག་གི་ལྟ་བ་དང་བསམ་འཆར་ལ་བརྩི་བཀུར་གང་ལེགས་བྱེད་པ་དང་བརྩེ་སེམས་ཆེན་པོས་སྐུལ་ལྕག་གཏོང་བ། ཧུར་བརྩོན་ཆེན་པོས་སློབ་མའི་ཤེས་བྱའི་བློ་སྒོ་འབྱེད་ཐུབ་པ་བྱས་ཏེ། སློབ་ཕྲུག་ཚང་མའི་སེམས་ལ་བདེ་ལྷོད་ཀྱི་སྣང་བ་ཞིག་སྤྲད་དགོས། སློབ་ཁྲིད་ཁྲོད་དགེ་རྒན་གྱིས་སོ་སོའི་མིག་མདངས་དང་ལག་བརྡ། གདོང་གི་རྣམ་འགྱུར་བཅས་ལ་བརྟེན་ནས་སེམས་རྩ་འཁོལ་བའི་བསྟོད་བསྔགས་བྱེད་པ་དང་སྐུལ་ལྕག་གཏོང་བ་བཅས་ཀྱི་སྣང་བ་ཞིག་སྤྲད་དགོས་པ་དང་། ཡང་ན་ཁོ་ཚོར་ངག་འཇམ་པོས་ཚིག་གསུམ་བཤད་པ་དང་ལག་འཇམ་པོས་བྱིལ་བྱིལ་གཏོང་བ་ཙམ་གྱིས་ཀྱང་ཁོ་ཚོར་སྐུལ་སློང་ཆེན་པོ་གཏང་ཐུབ།
    སློབ་གྲྭའི་ནང་སློབ་མ་ཕན་ཚུན་བར་འབྲེལ་འདྲིས་བྱེད་པའི་དགོས་མཁོ་ནི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པས། སློབ་ཁྲིད་ཁྲོད་སློབ་མ་ཕན་ཚུན་གྱིས་རང་འགུལ་ངང་བསམ་བློ་བརྗེ་རེས་བྱེད་དུ་བཅུག་ནས་ཁོ་ཚོའི་འབྲེལ་འདྲིས་ཀྱི་རེ་བ་བསྐང་དགོས། དགེ་རྒན་གྱིས་དམིགས་ཡུལ་ཡོད་པའི་སྒོ་ནས་སློབ་ཁྲིད་བྱེད་ཐབས་འདྲ་མིན་སྣ་ཚོགས་སྤྱད་ནས་ཕན་ཚུན་འབྲེལ་འདྲིས་ཀྱི་དགོས་མཁོ་བསྐངས་པ་ན། ཁོ་ཚོའི་སེམས་ཀྱི་གནོན་ཤུགས་རང་བཞིན་གྱིས་ཇེ་ཡང་དུ་འགྲོ་ངེས་ཤིང་། སློབ་སྦྱོང་བྱེད་འདོད་ཀྱི་བསམ་པ་ངང་ངམ་ཤུགས་ཀྱིས་སྐྱེ་སྲིད་པས། སློབ་སྦྱོང་གི་གྲུབ་འབྲས་དེ་བཞིན་དུ་ཡར་ངོའི་ཟླ་ལྟར་འཕེལ་བར་འགྱུར་བ་ཡིན།
    གསུམ་པ། རེ་བ་ནན་མོ་བཏོན་ནས་གྲུབ་འབྲས་མཐོ་རུ་འདེགས་དགོས་པ།
    ཉམས་མྱོང་ལས་ཕྱོགས་སྡོམ་བྱས་པ་ལྟར་ན།གྲུབ་འབྲས་ལ་བརྩོན་པའི་སློབ་མར་སློབ་སྦྱོང་བྱེད་པའི་སེམས་ཤུགས་ཆེ་བ་དང་། གྲུབ་འབྲས་ལ་གཙིགས་མཐོང་མི་བྱེད་པའི་སློབ་མའི་སློབ་སྦྱོང་བྱེད་པའི་སེམས་ཤུགས་ཀྱང་མངོན་གསལ་གྱིས་ཞན་པ་མཐོང་ཐུབ། དགེ་རྒན་གྱིས་སློབ་མའི་གྲུབ་འབྲས་ཀྱི་རེ་བ་ཇེ་མཐོར་བཏང་ནས་སློབ་མས་གོ་བ་ལེན་མི་ཤེས་པ་དང་། བློར་ངེས་མི་བདེ་བའི་གནད་དོན་རྣམས་ཐག་གཅོད་བྱེད་རོགས་བྱེད་པ་དང་། སློབ་མས་ཕན་ཚུན་འགྲན་སྡུར་བྱེད་པའམ་ཡང་ན་རང་གིས་རང་ལ་དཔྱད་པ་གཏོང་བའི་ཐབས་ཤེས་བཏོན་ནས་སློབ་མ་རྣམས་ལ་རྒྱལ་ཕམ་གཉིས་ཀྱི་བྲོ་བ་མྱོང་དུ་བཅུག་ན། སློབ་སྦྱོང་བྱེད་སྐབས་སེམས་སྐྱིད་ཅིང་དགོད་བྲོ་ལ་སློབ་སྦྱོང་གི་སེམས་ཤུགས་ཀྱང་དེ་བས་ཆེ་རུ་འགྲོ་ཐུབ།
    བཞི་པ། བྱ་འགུལ་སྣ་ཚོགས་སྤེལ་ནས་སློབ་སྦྱོང་གི་སྤྲོ་བ་བསྐྱེད་དགོས་པ།
    སློབ་མར་བྱེད་སྒོ་འདྲ་མིན་སྣ་ཚོགས་ལ་གཞུག་རྒྱུའི་རེ་བ་ཧ་ཅང་ཆེན་པོ་ཡོད་པ་ནི། བྱིས་པ་རྣམས་ལུས་སེམས་འཚར་ལོངས་ཡོང་བའི་དགོས་མཁོ་ཆེ་ཤོས་ཤིག་ཡིན་པས།རོལ་རྩེད་སྣ་ཚོགས་ལ་དོ་སྣང་བྱེད་པ་དེ་ནི་ཤིན་ཏུ་འགངས་ཆེན་ཞིག་ཡིན། རྩེད་མོའི་རྣམ་པ་ཡང་བཞད་གད་རང་བཞིན་གྱི་རྩེད་མོ་དང་འགོག་རྒོལ་རང་བཞིན་གྱི་རྩེད་མོ། འགྲན་སྡུར་རང་བཞིན་གྱི་རྩེད་མོ་སོགས་རིགས་དུ་མར་བསྟེན་པ་ཤིན་ཏུ་གཙོ་ཆེ་བ་རེད། ལྷག་པར་སློབ་ཚན་གྱི་ནང་དོན་དང་འབྲེལ་ནས་བྱ་འགུལ་ཁག་གཅིག་སྤེལ་བར་དེ་བས་དོ་སྣང་བྱ་དགོས་ཏེ། སློབ་ཚན་གྱི་ནང་དོན་ཅི་རིགས་འཁྲབ་སྟོན་བྱེད་དུ་བཅུག་ན་གཅིག་ནས་སློབ་ཚན་གྱི་ནང་དོན་རྣམས་བདེ་བླག་ངང་ཤེས་ཐུབ་པ་དང་། གཉིས་ནས་ཁོ་ཚོའི་སེམས་ནང་གི་རྩེད་མོ་རྩེད་འདོད་ཀྱི་རེ་བ་དེ་བསྐང་ཐུབ། གསུམ་ནས་གོ་རྟོགས་ཀྱི་རེ་བ་ཡང་གང་ལེགས་སྒོས་བསྐང་ཐུབ་པར་མ་ཟད། སློབ་སྦྱོང་བྱ་འདོད་ཀྱི་སྤྲོ་བ་འཕེལ་བར་ཡང་ནུས་པ་ཐོན་སྲིད་དོ༎
    མདོར་ན། རྒྱལ་ཁབ་ཀྱིས་སློབ་གསོའི་ཕྱོགས་སུ་བཏོན་པའི་སྲིད་ཇུས་སྣ་ཚོགས་ཁོང་དུ་ཆུད་པར་བྱེད་པ་དང་། བསླབ་གཞི་གསར་བའི་དགོངས་དོན་གཞིར་བཟུང་ཐོག་སྒེར་ཚུགས་དང་། མཉམ་ལས། འཚོལ་ཞིབ་བཅས་ཀྱི་རང་བཞིན་ལྡན་པའི་སློབ་ཁྲིད་ཐབས་ལམ་སྣ་ཚོགས་སྤྱད་དེ། བསམ་ཚུལ་མི་འདྲ་བ་དང་ཆུ་ཚད་མི་འདྲ་བའི་སློབ་མ་སོ་སོར་དམིགས་ཏེ་ཀུན་སྤྱོད་དང་ལུས་རྩལ། བློ་རིག་སོགས་ཕྱོགས་གང་ཅིའི་ཐད་ནས་གོང་དུ་འཕེལ་བར་སྣེ་ཁྲིད་དང་མཛུབ་སྟོན་གང་ལེགས་བྱ་དགོས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1