སྤྱི་ཟླ་7པའི་ཚེས་27ཉིན་གྱི་ཕྱི་དྲོར། སི་ཁྲོན་དཀར་མཛེས་ཁུལ་རིག་རྩལ་དཔྱད་བརྗོད་པའི་མཐུན་ཚོགས་བཙུགས་པའི་ཚོགས་ཆེན་དར་མདོ་རུ་བསྡུས།
ཚོགས་ཆེན་དེ་《གངས་དཀར་རི་བོ།》ཡི་གཙོ་སྒྲིག་པ་འགྱུར་མེད་ཕུན་ཚོགས་ཀྱིས་གཙོ་སྐྱོང་གནང་ཞིང་། འདེམས་ཤོག་འཕངས་པ་བརྒྱུད་སྐབས་དང་པོའི་ལས་འཛིན་མཐུན་ཚོགས་བཙུགས་ཏེ་ཨུ་དབྱང་མའེ་ཧྲུའུ་ཀྲུའུ་ཞི་དང་ཏུའུ་ལིང་། ཀྲའོ་ཡོང་། བསོད་ནམས་རྒྱལ། ཧྥན་ཧའོ་ཁྲོན་བཅས་ཀྲུའུ་ཞི་གཞོན་པར་བདམས་བསྐོ་བྱས་པ་དང་མཱ་ཡིང་ཁྲུན་དྲུང་ཡིག་ཆེན་མོར་བདམས་བསྐོ་བྱས།
གསར་དུ་འདེམས་བསྐོ་བྱས་པའི་ཀྲུའུ་ཞི་ཨུ་དབྱང་མའེ་ཧྲུའུ་ཡིས་འགན་བཞེས་གཏམ་བཤད་གནང་ཞིང་། ཁམས་པའི་རྩོམ་རིག་གི་སྤྱིའི་དཔྱད་བརྗོད་དང་རྩོམ་པ་པོ། བརྩམས་ཆོས་ཞིབ་འཇུག་དང་རིག་རྩལ་དཔྱད་བརྗོད་སོགས་རིམ་པ་གསུམ་གྱི་ཐད་ནས་རིག་རྩལ་དཔྱད་བརྗོད་ཀྱི་ལས་ཀའི་འཆར་གཞི་སྤེལ།
དཀར་མཛེས་ཁུལ་ཡོངས་ཀྱི་རིག་རྩལ་མཐུན་ཚོགས་ཀྱི་འཐུས་ཚབ་དང་རྩོམ་པ་པོའི་འཐུས་ཚབ་ཁག་ཅིག དཀར་མཛེས་ཁུལ་ཨུའི་དྲིལ་སྒྲོག་པུའུ། དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་གསར་འགྱུར་ཅུས། དཀར་མཛེས་ཁུལ་དམངས་སྲིད་ཅུས་སོགས་ལས་སྒོའི་མཛུབ་ཁྲིད་དང་མང་ཚོགས་ཚོགས་པའི་ལས་ཁུངས་རྩ་འཛུགས་དོ་དམ་སྡེ་ཁག དཀར་མཛེས་ཉིན་རེའི་ཚགས་པར་ཁང་། དཀར་མཛེས་ཁུལ་བརྙན་འཕྲིན་ཁང་སོགས་གསར་འགྱུར་འཕྲིན་སྦྱོར་གྱི་གསར་འགོད་པ་དང་དཀར་མཛེས་ཁུལ་རིག་རྩལ་མཐུན་ཚོགས། གངས་དཀར་རི་བོ་དུས་དེབ་ཀྱི་རྩོམ་སྒྲིག་པ་ཡོངས་བཅས་ཁྱོན་བསྡོམས་མི་གྲངས་60ལྷག་ཚོགས་ཆེན་དུ་ཞུགས།།