གཅིག རྒྱུ་རྐྱེན།
མཁལ་ནད་ནི་ནད་ཐོག་ལག་ལེན་ཁྲོད་དུ་ཅུང་མང་བའི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ་དེའི་རྒྱུ་རྐྱེན་ནི་རྒྱུད་བཞི་ཡི་མཁལ་ནད་གསོ་བ་ལས་རྒྱུ་རྐྱེན་བརྡབས་དང་མི་ཐེགས་ཁུར་དང་བཏེག བརླན་ལ་འདུག་དང་ཆུ་ཡི་ལས་བྱས་འབྱུང་། ཞེས་གསུངས་པ་ལྟར་རྟ་སོགས་ཀྱིས་བརྡབས་པ་དང་རྡོ་དང་ཅ་ལག་ལ་སོགས་པ་མི་ཐེག་ཀྱང་བཙན་གྱིས་ཁུར་པའམ་ཡང་ན་བརླན་སྟེང་དུ་ཡུན་རིང་ལ་ཉལ་བ་དང་འདུག་པ། ཆུ་ཡི་ལས་བྱས་པ་ལ་སོགས་ཀྱིས་མཁལ་ནད་འབྱུང་བར་བཤད་དོ།།
གཉིས། བྱེ་བྲག་གི་དབྱེ་བ།
མཁལ་ནད་ཀྱི་དབྱེ་བ་རྒྱུད་ལས། དབྱེ་བ་མཁལ་རླུང་མཁལ་གཅོང་འོར་ལྷུང་དང་། མཁལ་ཚད་ཆུ་ཤོར་འགྲམས་གྲུམ་ད་རྒན་བརྒྱད། ། ཞེས་གསུངས་ཡོད་ལ་དེ་ལས་མཁལ་རླུང་ནི་རླུང་ནད་ཀྱི་ནང་གསེས་མཁལ་མ་ལ་རླུང་ཞུགས་པ་ཡིན་ལ། མཁལ་གཅོང་ནི་གཅོང་ནད་མཁལ་མ་ལ་བབས་པ་དང་འོར་ལྷུང་ནི་མཁལ་ནད་སྨད་རྐང་བ་ལ་ལྷུང་བ་དང་། མཁལ་ཚད་ནི་མཁལ་མ་ལ་ཚ་བ་ཞུགས་པ་དང་ཆུ་ཤོར་ནི་བརྡབས་འགྲམས་ཀྱིས་མཁལ་མ་ལ་ཆུ་བསོགས་པའི་ནད་ཅིག་ཡིན་པ་དང་མཁལ་འགྲམས་ནི་བརྡབས་སྐྱོན་གྱིས་མཁལ་རྩ་འཆུས་པའི་ནད་རིགས་ཤིག་དང་། མཁལ་གྲུམ་ནི་གྲུམ་བུའི་ནང་གསེས་མཁལ་ནད་རུས་ལ་བྱེར་བ་ཞིག་དང་ད་རྒན་ནི་མཁལ་ནད་ཀྱི་དབང་གིས་སྒལ་ཚིགས་ཀྱི་བར་དུ་རུས་པ་གསར་སྐྱེ་བྱུང་ནས་ཚིགས་འབུར་ཐོན་པ་ཞིག་ཡིན་ལ། དེ་དག་རང་རང་གི་ནད་ཀྱི་ངོ་མི་གཅིག་པའི་རྐྱེན་གྱིས་བཅོས་ཐབས་ཀྱང་གཅིག་མཚུངས་མ་ཡིན་ཏེ་དཔེར་ན་མཁལ་རླུང་རླུང་བཅོས་དང་མཁལ་གཅོང་ལ་གཅོང་ནད་ཀྱིས་བཅོས་ཐབས་དང་མཁལ་ཚད་ལ་ཚད་པའི་བཅོས་ཐབས་བཅས་གཙོ་བོར་འཛིན་དགོས་པ་ལྟ་བུ།
གསུམ། རྒྱུན་སྤྱོད་བོད་ལུགས་ཀྱི་སྨན་དཔྱད་ཀྱིས་བཅོས་ཐབས།
མཁལ་ནད་ཀྱི་རྒྱུན་སྤྱོད་བོད་སྨན་ལ་སེ་འབྲུ་ཉི་དཀྱིལ་དང་ལྷ་ལུང་། སུག་སྨེལ་བཅུ་བ། ཨ་རུ་བཅོ་བརྒྱད། ཨ་རུ་བཅུ་བ། པད་རག་ལ་སོགས་པ་ཧ་ཅང་མང་པོ་ཡོད་ལ་དེ་མིན་མཁལ་ནད་ཀྱི་མེ་གསང་རྒྱབ་ཀྱི་ཚིགས་པ་བཅུ་བཞི་དང་གཏར་རྩ་ལ་བྱིན་གཞུག་དང་ལོང་རྩ་དང་སྟོད་བྱེར་ལ་ལྟག་རལ་སོགས་ཡོད་ལ་མཁལ་གྲུམ་ལ་གོང་སྨན་སྟེང་དུ་ཆུ་སེར་སྨན་གསུམ་ཁ་སྣོན་བྱེད་པའམ་ཡང་ན་སེང་ལྡང་ཉེར་ལྔ་དང་མགྲིན་ཚལ་ཉེར་ལྔ་ལ་སོགས་པའི་སྨན་རྫས་གང་མཁོ་རིག་པས་འཕྲུལ་དགོས་ལ། གཉེན་ཁ་ལྡན་ཚེ་ཁྱུང་ལྔ་ཁ་ཚར་དང་མཁལ་རླུང་ལ་གོང་སྨན་སྟེང་རླུང་སྨན་ཁ་སྣོན་བྱེད་པ་དང་མཁལ་ཚད་ལ་ཨ་རུ་བཅུ་བ་དང་ག་བུར་ཉེར་ལྔ་བསྟེན་རྒྱུ་དང་ཆུ་ཤོར་ལ་ཚ་གྲང་གི་དབྱེ་བ་གསལ་པོར་བརྟགས་མཐར་གྲང་ཆུ་ལ་དེ་དག་གི་སྟེང་དུ་སེ་འབྲུ་ཉི་དགའ་དང་ཚ་ཆུ་ཡིན་ན་འབོལ་སྨན་བདུན་པ་བསྟེན་པར་བྱ།
གཞན་ཡང་མཁལ་ཚད་དང་མཁལ་འགྲམས་ལ་གཏར་དང་མཁལ་རླུང་དང་མཁལ་གྲང་ལ་མེ་ལ་སོགས་པའི་དཔྱད་བཅོས་ཀྱི་རིགས་གང་མཁོ་གཞུང་ལུགས་དང་བསྟུན་ནས་གང་ལ་གང་འཚམས་ཀྱིས་བཅོས་དགོས་སོ།།
《མཚོ་སྔོན་བོད་ཡིག་གསར་འགྱུར།》ལས་བཤུས།