སློབ་དེབ་གསར་བ་བཅོས་བསྒྱུར་ཁྲོད་བོད་ཡིག་དགེ་རྒན་གྱི་ལས་འགན་རགས་ཙམ་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


གཅིག དགེ་རྒན་ནི་སློབ་ཁྲིད་ཀྱི་རྩ་འཛུགས་པ་དང་སློབ་མའི་མཛུབ་སྟོན་པ།རོགས་རམ་པ།ཡར་སྐུལ་པ་བཅས་ཡིན་པས། སློབ་མར་རང་དབང་གིས་སློབ་སྦྱོང་བྱེད་པའི་ཐབས་ཁྲིད་དགོས་པ་སྟེ།སློབ་མ་ནི་སློབ་ཁྲིད་བྱེད་པའི་གཙོ་བདག་ཡིན་པས“སློབ་མའི་ཆེད་དུ་དམིགས་པ་དང་བྱ་སྤྱོད་ཚང་མས་སློབ་མར་ཞབས་འདེགས་ཞུ་དགོས”པ་དང“སློབ་མ་ཚང་མ་བཟང་པོར་ཡོང་ཐུབ་ངེས་ཡིན་པར་ཡིད་ཆེས་དགོས་པའི”རྩ་དོན་བརྩི་སྲུང་བྱ་དགོས།དགེ་རྒན་དང་སློབ་མའི་བར་དུ་ཧུར་བརྩོན་གྱིས་ཕན་ཚུན་སྐུལ་འདེད་དང་མཉམ་དུ་གོང་འཕེལ་ཡོང་བར་བྱས་ཏེ།དགེ་རྒན་གྱིས་མཛུབ་སྟོན་བྱས་འོག་སློབ་མས་རང་རྟོགས་ཡིན་པ་དང་ཁྱད་ཆོས་ལྡན་པའི་ངང་སློབ་སྦྱོང་བྱེད་པར་ཡར་སྐུལ་གཏོང་དགོས། སློབ་ཁང་ནས་སློབ་ཁྲིད་བྱེད་དུས་ང་ཚོས“སློབ་དེབ་ཁྲིད་པ”དེ“སློབ་དེབ་བཀོལ་བར”བསྒྱུར་དགོས།ཟུར་ངོས་གཞན་ཞིག་ནས་བལྟས་ན་བོད་ཡིག་སློབ་སྦྱོང་བྱེད་དུས་སློབ་མར་རང་དབང་ལྟར་སློབ་སྦྱོང་བྱེད་པའི་བྱ་སྤྱོད་མེད་ན་དགེ་རྒན་གྱིས་སློབ་མའི་དཀའ་ཁག་དེ་རང་འགུལ་གྱིས་མཚོན་དུ་འཇུག་དཀའ།དེ་བས་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་ཡིན་མིན་སྣ་ཚོགས་གཅིག་བསྡུས་བྱས་ན་སློབ་མས་སློབ་སྦྱོང་བྱེད་དུས་ཀྱི་རང་རྟོགས་དང་ཧུར་བརྩོན་རང་བཞིན་མཚོན་དཀའ་བ་དང་དུས་ཐོག་ཏུ་སློབ་མའི་སློབ་སྦྱོང་གི་རྣམ་པ་བཟང་པོའང་མཚོན་དཀའ། དེ་མིན་ད་དུང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སློབ་མས་སློབ་སྦྱོང་བྱེད་སྐབས་འཕྲད་པའི་གནད་དོན་དང་དཀའ་ཁག་མགྱོགས་མྱུར་ངང་ཐག་གཅོད་བྱེད་མི་ཐུབ། གཉིས།བོད་ཡིག་དགེ་རྒན་གྱིས་སློབ་ཁྲིད་བྱེད་དུས་སློབ་མ་གཙོ་བོ་ཡིན་པའི་སློབ་ཁྲིད་འདུ་ཤེས་དང་དམངས་གཙོ་དང་དགེ་སློབ་འདྲ་མཉམ་གྱི་ལྟ་བ་འཛིན་དགོས།སློབ་འབྲིང་གི་བོད་ཡིག་སློབ་ཁྲིད་བྱེད་དུས།དགེ་རྒན་གཅིག་པུས་བཤད་ན་དགེ་རྒན་གྱི་སྐད་ཆ་ཇི་ལྟར་ཡག་ཅིང་དབྱེ་ཞིབ་བྱས་པ་ཇི་ལྟར་གཏིང་ཟབ་དང་གནད་ལ་ཁེལ་ཡོད་ནའང་སློབ་ཁྲིད་ལེགས་པོ་ཞིག་འཁྱོངས་དཀའ།དེའི་རྒྱུ་མཚན་ནི།སློབ་མ་ཉན་པ་པོ་ཁོ་ནར་གྱུར་རྗེས་བསམ་བློ་གཏོང་བ་དང་དེའི་ནང་ཞུགས་པའི་གོ་སྐབས་མེད་པ་དང་གཅིག སློབ་མས་མགོ་མཇུག་བར་གསུམ་དུ་དགེ་རྒན་གྱིས་སློབ་ཁྲིད་བྱས་པར་ཉན་འདོད་ཡོད་ནའང་ངལ་དུབ་ཀྱི་སྣང་བ་སྐྱེ་ངེས།དེ་བས་ཕྱོགས་གཅིག་ནས་སློབ་མར་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་པའི་སྤྲོ་སྣང་ལྡན་དཀའ་ཞིང་ཕན་པའང་ཐོབ་དཀའ། དེའི་རྐྱེན་གྱིས་དགེ་རྒན་གྱིས་སློབ་ཁྲིད་བྱེད་དུས་སློབ་མའི་རྣམ་འགྱུར་ལ་བལྟས་ནས་ཚོད་དཔག་བྱེད་དགོས་པ་དང་བབ་བསྟུན་སྣེ་ཁྲིད་བྱ་དགོས། ལག་ལེན་ལས་འདི་ལྟ་བུའི་སློབ་ཁྲིད་བྱེད་སྟངས་དེ་སློབ་འབྲིང་གི་བོད་ཡིག་སློབ་ཁྲིད་བྱེད་སྐབས་ལུགས་དང་མཐུན་པའི་སྒོ་ནས་བཀོལ་སྤྱོད་བྱས་ན་སློབ་ཁྲིད་བྱེད་སྐབས་ཀྱི་གྲུབ་འབྲས་སྔར་ལས་ཕུན་སུམ་ཚོགས་པོར་གྱུར་ཡོང་། ངལ་དུབ་ཀྱི་སྣང་བ་ཇེ་ཞན་དུ་བཏང་བས་སློབ་ཁྲིད་བྱེད་སྐབས་ཀྱི་རྣམ་པ་ཧུར་པོར་འགྱུར་བས་སློབ་མའི་མཐོང་རྒྱ་ཇེ་ཆེ་དང་ཤེས་ཡོན་ཕུན་སུམ་ཚོགས་པོར་གཏོང་ཐུབ། གསུམ། སློབ་ཚན་གསར་བ་ལག་ལེན་བྱེད་དུས་དགེ་རྒན་གྱིས་སྒྲིག་ལམ་བརྩི་ཞིང་དུས་ཚོད་དམ་འཛིན་དང་སློབ་ལ་བརྩོན་ཞིང་བསམ་གཞིག་གཏོང་བར་དགའ་བ།གཟབ་ནན་བདེན་འཚོལ།ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་རང་ཉིད་ལ་ངོས་འཛིན་དང་གདེང་འཇོག་བྱ་དགོས། རང་ཉིད་ཀྱི་བྱ་སྤྱོད་ལེགས་པོས་སློབ་མར་མིག་དཔེ་བཟང་པོ་བསྟན་ནས་ཕུལ་དུ་བྱུང་བའི་མིག་དཔེ་འདོན་སྤྲོད་བྱ་དགོས།དགེ་སློབ་ཀྱི་གོ་གནས་འདྲ་མཉམ་ཡིན་པ་དང་སློབ་མའི་ཐོབ་ཐང་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་དུ་སློབ་མར་དོ་ཁུར་དང་མཛུབ་སྟོན་བྱས་ཏེ།སྤྲོ་ཞིང་སྐྱིད་པའི་ཁོར་ཡུག་ནང་རང་ཉིད་ཀྱི་བསམ་པ་དང་བྱ་སྤྱོད་བཟང་ངན་ལ་ཕྱིར་ལྟ་བྱས་ནས་སྔར་ལས་ནུས་པ་ལྡན་པ་དང་རང་འགུལ་སྒོས་སློབ་མ་རང་ཉིད་ཀྱི་རང་རྟོགས་རང་བཞིན་དང་ཧུར་བརྩོན་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་བྱས་ནས། རྒྱུན་ཆད་མེད་པར་རང་ཉིད་འཐུས་ཚང་དུ་གཏོང་དགོས། འདིས་དགེ་རྒན་ལ་མཚོན་ན་སྔར་ལས་མཐོ་བའི་བླང་བྱ་བཏོན་ཡོད།དགེ་རྒན་ལ་ཕུན་སུམ་ཚོགས་པོའི་བོད་སྐད་ཡིག་གི་རིག་གནས་རྨང་གཞི་ངེས་ཅན་ཞིག་ཡོད་དགོས་པར་མ་ཟད། དུས་མཚུངས་སུ་དགེ་རྒན་གྱིས་མཉམ་འདྲེས་ནུས་ཤུགས་དང་སྐད་ཆ་བཤད་པར་ཡིད་དབང་འགུག་པའི་ནུས་པ་ལྡན་པར་བྱས་ཏེ་དགེ་སློབ་ཕན་ཚུན་གཞི་གཅིག་ཏུ་འདྲེས་པར་བྱ་དགོས། སློབ་མས་དྲི་བ་དཀའ་མོ་བཏོན་པར་རྣམ་འགྱུར་ཡང་དག་དང་གོ་སླ་ཞིང་ཚིག་ཉུང་ལ་དོན་འདུས་པའི་སྒོ་ནས་ལན་བཏབ་སྟེ། དགེ་སློབ་ཕན་ཚུན་ལ་བསམ་བློ་བརྗེ་རེས་ཡོང་ཐུབ་པ་བྱ་དགོས། སློབ་མས་དཀའ་གནད་འདོན་སྐབས་རྣམ་འགྱུར་དྲང་མོས་ལན་འདེབས་པ་དང་འདྲི་ཚིག་སླ་མོ་དང་འཕྲད་སྐབས་གོ་སླ་ཞིང་སྟབས་བདེ་བའི་སྒོ་ནས་ལན་འདེབས་དགོས། གལ་ཏེ་འདྲི་ཚིག་དཀའ་མོ་དང་འཕྲད་དེ་ལན་འདེབས་དཀའ་ན་སློབ་མར་དྲང་མོར་བཤད་དེ་སློབ་ཐུན་གྲོལ་རྗེས་མཉམ་དུ་བསམ་བློ་གཏོང་བ་དང་དཔྱད་བསྡུར་བྱེད་ཆོག་པ་ལ་སོགས་པའི་རྣམ་འགྱུར་དྲང་མོས་སློབ་མའི་སེམས་ཁོངས་སུ་དགེ་རྒན་གྱི་སྣང་བརྙན་བཟང་པོ་ཞིག་འཇོག་པ་ལས། མི་ཤེས་ཤེས་ཁུལ་དང་རྫུན་བཟོ་སོགས་བྱ་མི་རུང་ལ། དེ་ལྟར་བྱས་ན་སློབ་མས་དགེ་རྒན་ལ་མཐོང་ཆུང་བྱས་ཏེ་སྐད་ཆར་ཉན་མི་སྲིད། བཞི།སློབ་མ་དང་དགེ་རྒན་གཉིས་དངོས་གནས་གྲོགས་པོར་འགྱུར་དགོས།སློབ་དེབ་གསར་བའི་ངོ་བོ་ནི་སློབ་མ་དང་འབྲེལ་འདྲིས་བྱེད་སྐབས“དགེ་རྒན་གྱིས་རང་ཉིད་ཀྱི་སྒྲོབ་ཉམས”སྤངས་ཏེ། གྲོས་མོལ་གྱི་རྣམ་པས་སློབ་མར་འདྲ་མཉམ་གྱི་ཁ་བརྡ་དང་བསམ་བློ་བརྗེ་རེས་བྱེད་པ་དང་། སློབ་མ་དང་མཉམ་འབྲེལ་སྒོས་གནད་དོན་ལ་དཔྱད་བསྡུར་དང་ཞིབ་འཇུག་བྱས་ན། ད་གཟོད་བདེ་བླག་ངང་ནས་སློབ་སྦྱོང་གི་ལས་འགན་འགྲུབ་ཐུབ་པ་དང་མཉམ་སྐྲུན་གྱི་རྣམ་པས་སློབ་མས་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་དགོས།སློབ་མ་དང་དགེ་རྒན་གཉིས་དངོས་གནས་གྲོགས་པོ་ལྟ་བུར་གྱུར་ན།ད་གཟོད་སློབ་མས་སློབ་སྦྱོང་བྱེད་སྐབས་སེམས་ལྷོད་པོ་ཡོང་བ་དང་དགེ་རྒན་དང་སློབ་ཁྲིད་ལ་སུན་སྣང་མི་སྐྱེས་པར། འཆམ་མཐུན་དང་དམངས་གཙོ། འདྲ་མཉམ་བཅས་ཀྱི་ཁོར་ཡུག་ཁྲོད་མི་རིགས་ཀྱི་སློབ་མར་དགོས་མཁོ་ཆེ་བའི་བོད་སྐད་ཡིག་གི་ཤེས་བྱ་སློབ་ཏུ་འཇུག་ཐུབ། ལྔ།སྲོལ་རྒྱུན་སློབ་ཁྲིད་དང་དྲ་བའི་སློབ་གསོ་གཉིས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་དགོས།སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་བོད་སྐད་ཡིག་གི་ཤེས་བྱ་གནད་བསྡུས་དམིགས་སུ་བཟུང་ནས་སློབ་མར་རྨང་གཞིའི་ཤེས་བྱ་སེམས་སུ་འཛིན་པའི་ཐབས་ལམ་ཁྲིད་དགོས།སྲོལ་རྒྱུན་སློབ་ཁྲིད་ཐབས་ལམ་ཁྲོད་ཀྱི་གཅིག་ངོ་གཅིག་ལ་གཏད་པའི་རྣམ་པ་དེ་དང་དགེ་སློབ་བར་དང་སློབ་མ་དང་སློབ་མའི་བར་གྱི་བརྩེ་དུང་བརྗེ་རེས་བྱེད་པ་དེ་ནི་དྲ་བའི་སྟེང་དུ་བསྒྲུབ་ཐུབ་པ་ཞིག་མིན། དྲ་བའི་སློབ་ཁྲིད་ཁྲོད་དུ་སློབ་མ་དེ་གཙོ་བོ་རྩིས་འཁོར་དང་འབྲེལ་འདྲིས་བྱས་ཏེ་མི་དང་འཕྲུལ་ཆས་བར་གྱི་ཕན་ཚུན་འབྲེལ་འདྲིས་ཡིན་པས། དགེ་སློབ་བར་དུ་སྐད་ཆའི་འབྲེལ་འདྲིས་མེད་པས།ང་རང་ཉིད་ཀྱིས་བལྟས་ན།དྲ་བའི་སློབ་ཁྲིད་སྟེང་དུ་ངེས་པར་སྐད་ཆའི་འབྲེལ་འདྲིས་ཇེ་མང་དུ་བཏང་ན་ད་གཟོད་སློབ་སྦྱོང་གི་མཇུག་འབྲས་བཟང་པོ་ཞིག་ཐོན་ཐུབ། མདོར་ན།སློབ་ཁྲིད་ཁྲོད་དགེ་རྒན་ནི་སློབ་ཁྲིད་བྱ་འགུལ་ཁྲོད་ཀྱི་རྩ་འཛུགས་མཁན་དང་སློབ་མའི་སློབ་སྦྱོང་གི་ཁྲིད་སྟོན་མཁན་དང་རོགས་རམ་མཁན།སྐུལ་འདེད་མཁན་ཞིག་ཡིན་པས།དགེ་རྒན་གྱིས་སློབ་མར་ཤེས་བྱ་ཁྲིད་དགོས་པར་མ་ཟད།རང་ཉིད་ཀྱི་ཡོན་ཏན་ཇེ་ཟབ་ཏུ་བཏང་ནས་བསྟུད་མར་རང་ཉིད་ཇེ་ལེགས་དང་ཡོན་ཏན་ཇེ་ལེགས་སུ་གཏོང་དགོས། དགེ་རྒན་གྱིས་སློབ་མར་སློབ་ཁྲིད་བཟང་པོ་ཞིག་བྱ་དགོས་ན་ཐོག་མར་སློབ་དེབ་སྟེང་གི་ཤེས་བྱ་ཡོངས་རྫོགས་ཁོང་དུ་ཆུད་དགོས་པ་དང་དེ་ནས་ད་གཟོད་སློབ་དེབ་མ་ཡིན་པའི་དཔེ་ཆ་མང་པོར་བལྟས་ཏེ།དུས་ལྟར་བོད་སྐད་ཡིག་གི་སློབ་ཁྲིད་ཕྱོགས་ཀྱི་ལྟ་བ་གསར་བར་རྒྱུས་ལོན་བྱ་དགོས། དེ་ལས་གཞན་ད་རུང་སེམས་ཁམས་རིག་པའི་ཐད་ཀྱི་ཤེས་བྱར་ཞིབ་འཇུག་བྱས་ཏེ།མི་རིགས་སློབ་མའི་སེམས་ཁམས་ཀྱི་ཁྱད་ཆོས་ཤེས་དགོས། དགེ་རྒན་གྱིས་ནམ་ཡང་སློབ་ཁྲིད་ཐད་ཀྱི་ལྟ་བ་གསར་བ་འཚོལ་སྙེག་བྱ་དགོས་པར་མ་ཟད།འཚོལ་སྙེག་ཁྲོད་ཉམས་མྱོང་བསྡུ་ལེན་བྱས་ཏེ།རང་ཉིད་ཀྱི་སློབ་ཁྲིད་ནུས་པ་ཇེ་མཐོར་གཏོང་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1