༄༅།། བརྩམས་སྒྲུང་གི་མིང་འདོགས་སྐོར་གླེང་བ།

བསོད་ནམས་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 08-04


 

སི་ཁྲོན་མི་རིགས་སློབ་གླིང་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་གི་དགེ་རྒན་བསོད་ནམས་རྒྱལ་ལགས།

        ཨིན་ཡིག་ཏུNovelདངFictiongཟེར་ཞིང་། རྒྱ་ཡིག་གིས小说ཟེར་བའི་རྩོམ་རིག་གི་ལུས་ཅན་འདིར། ད་ལྟའི་བོད་ཡིག་ཁྲོད་བརྩམས་སྒྲུང་དང་། སྒྲུང་གཏམ་ཞེས་པ་གཉིས་ཡིན་ཁྱབ་མཉམ་གྱིས་རྒྱ་ཆེར་སྤྱོད་བཞིན་ཡོད་ཅིང་། བོད་ཀྱི་རྩོམ་རིག་དུས་དེབ་ཁག་ལས། སྦྲང་ཆར་གྱིས་སྒྲུང་གཏམ་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལྟ་བུས་བརྩམས་སྒྲུང་ཞེས་པ་བེད་སྤྱོད་གཏོང་གིན་འདུག སྤྱིར་བཏང་དོན་གཅིག་ལ་མིང་གཉིས་སམ། ཐ་ན་མིང་དུ་མས་མཚོན་པ་ཅན་ཡང་གང་མང་ཡོད་པའི་ཆ་ནས་མིང་འདི་གཉིས་ཀྱང་ཡིན་ཁྱབ་མཉམ་གྱིས་བེད་སྤྱོད་གཏོང་ཆོག་གིན་ཡོད་ཀྱང་། བོད་ལ་རྩོམ་རིག་སྒྱུ་རྩལ་གྱི་གཞུང་ལུགས་རྣལ་མ་ཞིག་གཟུག་ཐུབ་པའི་ཆེད་དམ། རིག་ཚན་གང་ཞིག་ཡིན་ཡང་ཐོག་མར་ཆེད་སྤྱོད་ཐ་སྙད་ཀྱི་ཚོགས་འཛུགས་སྐྲུན་གཏོང་དགོས་ཤིང་། ཆེད་སྤྱོད་ཀྱི་ཐ་སྙད་ཐོག་གི་ངོས་འཛིན་ནི་ཚད་རིམ་མཐོ་ཤོས་ཀྱི་ངོས་འཛིན་དང་། “གལ་སྲིད་ཆེད་སྤྱོད་ཀྱི་ཐ་སྙད་མེད་ཚེ། མི་རྣམས་ཀྱིས་ད་དུང་བརྡར་ཤ་ཡང་དག་པར་མ་བཅད་པ་དང་དཔྱད་པ་གཏིང་ཟབ་དུ་མ་བཏང་བ་དེ་མཚོན་གྱིན་ཡོད་པ་དང་། དེའི་ནང་བཞིན་བྱ་དངོས་ཀུན་གྱི་རྩ་བའི་ངོ་བོར་ངོས་འཛིན་མ་བྱུང་བ་དེ་བསྟན་ཡོད་པ་རེད”①ཅེས་པའི་ཆ་ནས། ཕྲན་གྱིས་མིང་འདི་གཉིས་ལས་ཡང་སྙིང་གང་ཞིག་གིས་རྩོམ་རིག་གི་ལུས་ཅན་འདིའི་ངོ་བོ་ལེགས་པར་མཚོན་ཐུབ་པ་དང་། དེའི་རྨང་གཞིའི་ཐོག་རྩོམ་རིག་གི་རྣམ་པ་འདིར་ངོས་འཛིན་བྱེད་སྐབས་མིང་གང་ཞིག་བཏགས་ཚེ་ཕན་ཐོགས་ཆེ་ཙམ་འབྱུང་བའི་ཐད་རྩོམ་རིག་གཞུང་ལུགས་དང་འབྲེལ་ནས་དཔྱད་པ་གཏོང་ཁུལ་བགྱིས་ཤིང་རང་གི་ལྟ་ཚུལ་ཇི་བཞིན་འདོན་པ་ལ།
དང་པོ། བརྩམས་སྒྲུང་གི་འབྱུང་ཁུངས་དང་འབྲེལ་ནས་སྒྲུང་ཞེས་པ་སོར་བཞག་བྱེད་དགོས་པར་འདོད་པ།
        རྩོམ་རིག་གཞུང་ལུགས་སུ་སྤྱིར་བཏང་དུ་སྙན་ངག་ནི་བྱུང་བ་ཆེས་སྔ་བའི་རྩོམ་རིག་གི་རྣམ་པ་དེར་ངོས་འཛིན་བྱེད་ཀྱང་། ཆེས་ཐོག་མའི་སྐབས་ཀྱི་སྙན་ངག་ནི་ད་ལྟའི་སྙན་ངག་ལྟར་གྱི་མིའི་བརྩེ་དུང་ངམ། མིའི་ནང་སེམས་ཀྱི་འགྱུར་བ་མཚོན་པ་གཙོར་འཛིན་པ་ཅན་དེ་འདྲ་མ་ཡིན་པར། རང་གི་རུས་རྒྱུད་ཚོ་བའི་ལོ་རྒྱུས་དང་མེས་པ་གོང་མ་རྣམས་ཀྱི་མཛད་རྗེས། ཆོས་ལུགས་ཀྱི་ཆོ་ག་དང་། འདས་མཆོད་སྒྲུབ་པའི་སྐབས་ཀྱི་བསྟོད་ཚིག་དང་སྨོན་ཚིག ཐོན་སྐྱེད་ངལ་རྩོལ་སྐབས་ཀྱི་ཤེས་བྱ་དང་ཉམས་མྱོང་སོགས་ཐོ་འགོད་བྱེད་ཀྱིན་ཡོད་ལ། ཡི་གེ་མ་བྱུང་བའི་སྔོན་དུ་ནང་དོན་འདི་དག་བློར་འཛིན་བདེ་བ་དང་ངག་ཐོག་ནས་བརྒྱུད་སྒྲོག་བྱེད་བདེ་བའི་ཆེད། དེའི་སྐབས་ཀྱི་སྙན་ངག་མང་ཤས་ནི་ཚིགས་བཅད་ཀྱི་ལམ་ནས་བརྩམས་པར་གྲགས②། དེས་ན་དེའི་སྐབས་ཀྱི་སྙན་ངག་ནི་གཙོ་བོ་དོན་གྱི་བྱུང་བ་བརྗོད་པ་ཅན་ཡིན་པ་གཞི་གྲུབ་ཅིང་། དུས་ཕྱིས་སུ་སྙན་ངག་གི་དོན་བརྗོད་ཀྱི་བྱེད་ནུས་དང་། ཡང་ན་སྙན་ངག་མ་བྱུང་བའི་སྔོན་ཙམ་ནས་ཡོད་པའི་འགྲོ་བ་མིའི་རིགས་ཀྱི་སྐད་ཀྱི་དོན་བརྗོད་ཀྱི་བྱེད་ནུས་དེ་དམངས་ཁྲོད་གཏམ་རྒྱུད་དང་། ངག་རྒྱུན། ལྷ་སྒྲུང་སོགས་ཀྱིས་རྒྱུན་འཛིན་བྱས་ཏེ། དེའི་རྨང་གཞིའི་ཐོག་རིམ་བཞིན་བརྩམས་སྒྲུང་བྱུང་བ་རེད།
        རང་རེའི་སྐད་དུ་གཏམ་རྒྱུད་དང་ངག་རྒྱུན། སྒྲུང་སོགས་ཐ་སྙད་ཁ་ཁ་སོ་སོ་མང་པོ་བྱུང་ཡོད་ལ། འབྱུང་རྐྱེན་དང་རྣམ་པའི་ཐད་དེ་དག་ཕན་ཚུན་མི་འདྲ་ས་ཁ་ཤས་ཡོད་ནའང་། རྩ་བའི་ངོ་བོའི་ཐོག་ནས་བལྟས་ན་དེ་དག་ཐམས་ཅད་དོན་གྱི་བྱུང་བ་བརྗོད་པའི་རྩོམ་གྱི་རིགས③སུ་གཏོགས་པར་བྱས་ཆོག་ཅིང་། དགོས་དབང་གིས་མིང་སྟབས་བདེ་ཞིག་གིས་མཚོན་པར་བྱ་དགོས་ཚེ། སྒྲུང་ཞེས་པས་འཐུས་པར་བྱས་ཆོག
        སྐད་རིགས་ཡོད་པའི་མི་རིགས་གང་ཞིག་ཡིན་ཡང་དེར་རང་གི་གཏམ་རྒྱུད་མེད་མི་སྲིད་པ་དང་། གཏམ་རྒྱུད་ཀྱི་གཏན་གནས་རང་བཞིན་དེས་བརྩམས་སྒྲུང་ཞེས་པའི་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་འདི་དུས་ཕྱིས་སུ་ངེས་པར་འབྱུང་སྲིད་པ་ཐག་གཅོད་བྱས་ཡོད། ཡང་བཤད་སྟངས་གཞན་ཞིག་ནི་དེང་གི་བརྩམས་སྒྲུང་ནི་ལྷ་སྒྲུང་ལས་འཕོ་འགྱུར་བྱུང་བར་འདོད་ཀྱིན་ཡོད་དེ། ལྷ་སྒྲུང་ལ་མི་སྣ་དང་བྱུང་རིམ་ཕུན་སུམ་ཚོགས་པ་ཡོད་པ་དེས་དུས་ཕྱིས་སུ་རིམ་གྱིས་བརྩམས་སྒྲུང་ལ་འཕོ་འགྱུར་འབྱུང་ཐུབ་པའི་ནང་དོན་ལྡན་ཡོད་པ་དང་། ལྷ་སྒྲུང་ནང་དུ་རྟོག་བཟོའི་ཆ་ཤིན་ཏུ་མང་བས། འགྲོ་བ་མིའི་རིགས་ལ་གདོད་མའི་སྐབས་ནས་བཟུང་སྟེ་ཀུན་རྟོག་གི་ནུས་པ་རྒྱ་ཆེན་པོ་ཡོད་པ་དེ་མཚོན་ཐུབ། དེང་གི་བརྩམས་སྒྲུང་ནི་རྟོག་བཟོ་དང་ཁ་འབྲལ་ཐབས་མེད་ཅིང་། འགྲོ་བ་མིའི་རིགས་ལ་རྟོག་བཟོའི་ནུས་པ་སྐབས་དེ་ཤེད་ནས་འཛོམས་ཡོད་པས་དུས་ཕྱིས་སུ་བརྩམས་སྒྲུང་བསྐྲུན་འགྱུར་ཡིན་པར་སྔ་ལྟས་མ་གཞི་ནས་ལྡན་ཡོད་པ་རེད།④
        བརྩམས་སྒྲུང་གི་འབྱུང་ཁུངས་ལ་འདི་ལྟར་ངོས་འཛིན་བྱས་དོན་ནི། དེའི་མིང་འདོགས་ཀྱི་ནང་སྒྲུང་ཞེས་པའི་མིང་འདི་སོར་བཞག་བྱས་ན་འོས་འཚམ་རེད་སྙམ་པ་སྟེ། བརྩམས་སྒྲུང་གི་འབྱུང་རྐྱེན་ནི་སྒྲུང(གཏམ་རྒྱུད་དང་ངག་རྒྱུན། ལྷ་སྒྲུང་སོགས་ཀྱང་འདུ)དང་ཐད་ཀར་འབྲེལ་བ་ཡོད་པས་སོ།། གཞན་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་རྒྱལ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པ་ལས་སྒྲུང་ཞེས་པའི་མིང་འདི་བོད་ལ་གནའ་སྔ་མོ་ནས་ཡོད་པ་རྟོགས་ཐུབ་པས། འདི་བརྩམས་སྒྲུང་གི་མིང་གི་ཆ་ཤས་སུ་གྱུར་བ་དེར་ལོ་རྒྱུས་ཀྱི་ཆ་ནས་ཀྱང་རིན་ཐང་ཆེན་པོ་ལྡན།
གཉིས་པ། གཏམ་རྒྱུད་དང་བརྩམས་སྒྲུང་གི་ཁྱད་པར་ལས་བརྩམས་ཞེས་པ་སྔོན་དུ་བསྣན་དགོས་པར་བསྟན་པ།
        བརྩམས་སྒྲུང་ནི་གཏམ་རྒྱུད་དང་ལྷ་སྒྲུང་ལས་བྱུང་བ་ཡིན་ཡང་། གཏམ་རྒྱུད་དང་ཁྱད་པར་ཆེན་པོ་ཡོད་པའི་སྐོར་ནི་ངེས་པར་ཤེས་དགོས་པ་ཞིག་དང་། ལྷག་པར་དུ་བོད་ཀྱི་རྩོམ་མཁན་དང་ཀློག་པ་པོ་དག་གིས་ངེས་པར་ཤེས་དགོས་པ་ཞིག་ཏུ་མཐོང་། གོང་དུ་གཏམ་རྒྱུད་སོགས་ནི་དོན་གྱི་བྱུང་བ་བརྗོད་པའི་རྩོམ་གྱི་རིགས་སུ་གཏོགས་ཟེར་བ་ནང་བཞིན། བརྩམས་སྒྲུང་ཡང་རྩ་བའི་ངོ་བོའི་ཐོག་དོན་གྱི་བྱུང་བ་བརྗོད་པ་ཅན་དུ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། ཡིན་ཡང་དེ་གཉིས་བར་ཁྱད་པར་ཆེན་པོ་ཡོད་དེ། མདོར་བསྡུས་ན་དོན་ཚན་བཞིའི་ཐོག་ནས་བཤད་ཆོག་པར་སྙམ། ༡གཏམ་རྒྱུད་ནི་ལྷུག་བརྗོད་ཅན(讲述性)དང་བརྩམས་སྒྲུང་ནི་སྤྲོས་བརྗོད་ཅན(叙述性)ཡིན་ཏེ། གཏམ་རྒྱུད་མང་ཤས་ནི་ཧ་ལམ་ཁ་གདངས་པ་ཙམ་གྱིས་ཁོག་རིག་ཐུབ་པ་ལྟ་བུ་དང་། སྐད་ཆའི་ཐད་ཚིག་རྒྱན(修辞)གྱིས་སྤྲས་པ་དེ་འདྲ་མེད་པར་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་སྐད་ཆ་དང་ཐག་ཤིན་ཏུ་ཉེ། ཡིན་ཡང་བརྩམས་སྒྲུང་གི་སྐད་ཆ་ནི་ཚིག་རྒྱན་གྱིས་བཅིངས་པ་དང་། བརྗོད་སྟངས་ལ་རྩོམ་མཁན་གྱིས་འདུ་ཤེས་ཡོད་པའི་སྒོ་ནས་ལས་སྣོན་དང་། “སྒྱུ་རྩལ་གྱི་བྲོ་བ”ཡོད་པ་ཅན་དུ་བསམ་བཞིན་བསྒྱུར་ཡོད། བརྩམས་སྒྲུང་གི་སྐད་ཆའི་མཛེས་པ་ཞེས་པའང་འདི་དག་དང་རག་ལས་ཤིང་། བརྩམས་སྒྲུང་གསར་རྩོམ་བྱེད་པར་མངའ་བརྙེས་དགོས་ན། སྤྲོས་བརྗོད་ཀྱི་ཐབས་རྩལ་ལ་དམིགས་བསལ་གྱིས་བློ་སྦྱོང་དགོས་པ་ཡིན། ༢དུས་ཚོད་བཀོད་སྒྲིག་བྱེད་སྟངས་མི་འདྲ་བ། གཏམ་རྒྱུད་ནང་གི་དུས་ཚོད་ལ་ཁ་ཕྱོགས་གཅིག་ཁོ་ན་མ་གཏོགས་མེད་དེ། དེ་ནི་དུས་ཚོད་ཀྱི་ཐུར་རྒྱུགས་རང་བཞིན་ནམ་ཡང་ན་གཉུག་ཡོད་ཀྱི་འགྲོས་དང་བསྟུན་པ་ཁོ་ན་ཡིན་ཞིང་། སྔ་ཕྱིའི་གོ་རིམ་མ་འཁྱོར་བར་ཇི་བཞིན་དུ་མཐར་བཀྲམས་ཡོད། ཡིན་ཡང་བརྩམས་སྒྲུང་ནང་དུ་ཆེས་མཇུག་ཏུ་བྱུང་བའི་དོན་དག་ཆེས་ཐོག་མར་བྲིས་ཡོད་པ་དང་། ཐོག་མར་བྱུང་བ་དེ་ཆེས་མཇུག་ཏུ་བཀོད་སྒྲིག་བྱེད་པ་ལྟ་བུ་དང་། བྱུང་རིམ་ནང་དུ་དུས་ཚོད་ལ་ཁ་ཕྱོགས་གཏན་འཁེལ་བ་ཡེ་ནས་མེད་པར་རང་དབང་ཅི་འདོད་ལྟར་བཀོད་སྒྲིག་བྱེད་པ་ལྟ་བུ་ནི་ཤིན་ཏུ་མང་ལ། དུས་ཚོད་ལ་རང་དབང་གིས་ཁ་ལོ་བསྒྱུར་ཐུབ་པ་འདི་བརྩམས་སྒྲུང་གི་དགེ་མཚན་གལ་ཆེན་ཞིག་དང་། དེ་མེད་དུ་མི་རུང་བའི་རྒྱུ་རྐྱེན་ཞིག་ལ་རྩི་བཞིན་འདུག ༣དུས་ཚོད་བཀོད་སྒྲིག་བྱེད་སྟངས་མི་འདྲ་བས། གཉིས་ཀར་སྒྲིག་གཞིའང་ཁ་ཁ་སོ་སོར་གྲུབ་ཡོད་དེ། གཏམ་རྒྱུད་ཀྱི་སྒྲིག་གཞི་ལ་རིགས་མང་པོ་མེད་ལ་ཅུང་གཏན་འཇགས་ཀྱི་རང་བཞིན་དུ་མངོན་ཞིང་། བརྩམས་སྒྲུང་གི་སྒྲིག་གཞི་ནི་དེ་ལས་ལྡོག་སྟེ་གཏན་འཁེལ་བའི་རྣམ་པ་མེད་ཅིང་། ཅུང་ཕུན་སུམ་ཚོགས་པ་དང་རང་དབང་ལྡན་ཡོད། ༤ མི་སྣ་ལ་བཟུང་བའི་ལྟ་སྟངས་མི་འདྲ་བ། གཏམ་རྒྱུད་ཀྱི་ནང་དུ་མི་སྣ་ཡོད་པ་ནང་བཞིན་བརྩམས་སྒྲུང་ལའང་ཡོད་མོད། གཉིས་ཀས་མི་སྣར་བཟུང་བའི་ལྟ་སྟངས་རྦད་དེ་མི་འདྲ། གཏམ་རྒྱུད་ཀྱི་ནང་མི་སྣས་བྱུང་རིམ་ལ་ཞབས་འདེགས་ཞུ་ཞིང་། བརྩམས་སྒྲུང་ནང་ལྡོག་སྟེ་བྱུང་རིམ་གྱིས་མི་སྣར་ཞབས་འདེགས་ཞུ། གཏམ་རྒྱུད་ནང་མི་སྣ་ཅི་ཙམ་མང་བ་དེ་ཙམ་གྱིས་བྱུང་རིམ་ཀྱག་ཀྱོག་ལྡན་པ་དང་མཚར་ལ་རིང་བ་ཞིག་ཏུ་བསྐྲུན་རྒྱུའི་དམིགས་ཡུལ་དང་། བརྩམས་སྒྲུང་ནང་བྱུང་རིམ་ཇི་ལྟར་མཚར་ལ་རིང་བ་ཞིག་ཏུ་བཀོད་སྒྲིག་བྱེད་ནའང་དེའི་དམིགས་ཡུལ་ནི་མི་སྣ་གསོན་ཉམས་ལྡན་པའམ། འབུར་དུ་ཐོན་པ་ཞིག་ཏུ་བཞེངས་སྐྲུན་བྱ་རྒྱུའི་ཆེད་རེད། གསལ་བཤད་བྱེད་དགོས་པ་ཞིག་ནི། ཁྱད་པར་འདི་དག་ནི་ནམ་རྒྱུན་འཕྲད་སླ་བའི་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་དག་གཞིར་བཟུང་ནས་བཤད་པ་ཙམ་མ་གཏོགས། དེང་རབས་རིང་ལུགས་ཀྱི་བརྩམས་སྒྲུང་ལྟ་བུར་མཚོན་ན། མི་སྣ་དང་རིམ་བྱུང་གཙོ་བོར་མི་འཛིན་པ་མང་ལ། སྒྲིག་གཞི་དང་དུས་ཚོད་བཀོད་སྒྲིག་གི་ཐད་ནས་ཀྱང་ཁྱད་མཚར་ཅན་གྱི་རྣམ་པ་མང་པོ་ཞིག་འབྱུང་གིན་ཡོད་པས་གཏམ་རྒྱུད་དང་ལྷག་ཏུ་ཁྱད་པར་ཆེ།
        དེ་བས་བརྩམས་སྒྲུང་དང་གཏམ་རྒྱུད་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་ཞིང་། ལྷག་དོན་བརྩམས་སྒྲུང་ནི་མིའི་ཉམས་མྱོང་མཚོན་པ་ལ་ཆེས་མཆོག་ཏུ་གྱུར་བའི་རྩོམ་ལུས་དང་། ཡང་ན་བརྩམས་སྒྲུང་ནི་མི་སྒེར་ལ་ཡོད་པའི་ཉམས་མྱོང་ཐད་ཀར་རྩོམ་གྱི་བརྗོད་བྱར་བྱས་པ⑤དེ་འདྲ་ཡིན་པ་ལས་གཞན། ཕྱི་ངོས་ནས་ཐད་ཀར་བལྟས་ཚེ་གཏམ་རྒྱུད་ནི་དམངས་ཁྲོད་ནས་རང་བཞིན་གྱིས་བྱུང་བས་རྩོམ་པ་པོ་ངེས་གཏན་མེད་ཀྱང་། བརྩམས་སྒྲུང་ནི་རྩོམ་པ་པོ་སྒེར་སོ་སོས་རང་གི་ཉམས་མྱོང་དང་བརྒྱུད་རིམ་གཞིར་བཞག་གི་ཐོག་ནས་རྟོག་བཟོ་བྱེད་དགོས་པ་ཡིན་པས། དེའི་མིང་འདོགས་ལ་ལོ་རྒྱུས་དང་འབྱུང་ཁུངས་ཀྱི་ཆ་ནས་སྒྲུང་ཞེས་པ་སོར་བཞག་བྱས་པ་དང་། གཏམ་རྒྱུད་དང་ཁྱད་པར་འབྱེད་ཆེད་བརྩམས་ཞེས་པ་སྔོན་དུ་སྦྱར་ན་ཕྱོགས་གང་ཐད་ནས་འོས་འཚམ་ཡིན་པར་སྙམ།
གསུམ་པ། སྒྲུང་གཏམ་ཞེས་པ་བཏགས་ན་མི་ལེགས་པའི་སྐོར།
        སྒྲུང་གཏམ་ཞེས་པ་འདིར་ཡང་གོང་བཤད་ཀྱི་སྒྲུང་ཞེས་པ་ཡོད་པས་འོས་འཚམ་དུ་འདུག་ནའང་། གཏམ་ཞེས་པ་དེས་གཏམ་རྒྱུད་དང་འདྲ་བ་ཞིག་ཏུ་བསྒྱུར་འགྲོ་ཞིང་། ལྷག་པར་དུ་དུས་ད་ལྟའང་བོད་ཀྱི་ཀློག་མཁན་མང་པོ་ཞིག་གིས་བརྩམས་སྒྲུང་ཞེས་པ་ནི་གཏམ་རྒྱུད་འཆད་བྱེད་ཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་དང་། ཁོང་ཚོའི་བསམ་ཚུལ་དེས་རྩོམ་མཁན་ལའང་ཤན་ཤུགས་ཐེབས་ཏེ། བརྩམས་སྒྲུང་བྲིས་བྲིས་ཐམས་ཅད་ལས་ཕལ་མོ་ཆེ་ནི་གཏམ་རྒྱུད་མཚར་ལ་རིང་བ་ཞིག་འཁྱོངས་མིན་ལ་ཤུགས་རྒྱག་པ་ལྟ་བུའི་སྣང་ཚུལ་འདི་ནི་བོད་ཀྱི་དེང་རྩོམ་ལོ་རྒྱུས་ཁྲོད་ཀྱི་དཀའ་ཁག་ཆེ་ཤོས་དེར་ཆགས་ཡོད། དཔེ་རེ་གཉིས་དྲངས་ན། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་། སྒྲུང་གཏམ་གྱི་འགྲེལ་བཤད་ལ་སྔར་བྱུང་གཏམ་རྒྱུད་དང་། སྒྲུང་ལ་ནི་སྔར་བྱུང་རབ་བཏགས་ཀྱི་ལོ་རྒྱུས་ཞེས་པར་འགྲེལ་ཡོད་པ་དང་། ལྗོངས་ཞིང་ལྔས་མཉམ་བསྒྲིགས་མཛད་པའི་དམའ་འབྲིང་གི་བསླབ་དེབ་ཅིག་ཏུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི《སྐྱེ་བོ་གསོ་ཐིགས།》ལས་གཏམ་རྒྱུད་ཁག་གཉིས་དྲངས་འདུག་པར་ཁ་བྱང་དུ་སྒྲིག་པ་པོས《སྒྲུང་གཏམ་གྱིས་བསྟན་པའི་བསླབ་བྱ》ཞེས་བཀོད་འདུག དེའི་ནང་བཞིན་མི་རོ་རྩེ་སྒྲུང་དང་། གླིང་སྒྲུང་སོགས་ལའང་ཅི་མི་སྙམ་པར་སྒྲུང་གཏམ་ཟེར་མཁན་ཡོད་སྟབས། སྒྲུང་གཏམ་ཟེར་བའི་ཐ་སྙད་འདིས་དེང་གི་རྩོམ་རིག་སྒྱུ་རྩལ་གྱི་ཆར་གཏོགས་པའི་བརྩམས་སྒྲུང་ཟེར་བར་གོ་བ་བསྐྱེད་ཀྱིན་མེད་པ་གསལ་བོ་རེད། དེ་བས་སྒྲུང་གཏམ་ཟེར་བ་གོང་བཤད་ཀྱི་མི་རོ་རྩེ་སྒྲུང་སོགས་དམངས་ཁྲོད་གཏམ་རྒྱུད་ལྟ་བུའི་མཚོན་བྱེད་དུ་སྤྱོད་པ་དང་། བརྩམས་སྒྲུང་ཟེར་བ་ནི་རྩོམ་རིག་སྒྱུ་རྩལ་ཁྱབ་ཁོངས་ཀྱི་ལུས་ཅན་ཐུན་མོང་མ་ཡིན་པ་འདིའི་མཚོན་བྱེད་དུ་སྤྱད་ན་དོན་ལ་གནས་པ་ཞིག་ཏུ་འདུག་གོ།
བཞི་པ། ཞར་བྱུང་སྒྲུང་རྩོམ་ཞེས་པར་མི་འཐད་ཚུལ།
        གཞན་ཡང་མི་ཁ་ཤས་ཀྱི་མིང་གི་སྤྱོད་སྟངས་སུ་སྒྲུང་རྩོམ་ཞེས་པས་རྩོམ་རིག་གི་ལུས་ཅན་འདི་མཚོན་གྱིན་པའང་གང་མང་མཐོང་། སྤྱིར་བཏང་སྒྲུང་ཞེས་པ་ཡོད་ན་འོས་འཚམ་ཡིན་ཚུལ་གོང་དུ་བསྒྲུབས་ཟིན་མོད། ཡང་རྩོམ་ཞེས་པ་དེ་ཡོད་པས་རྩོམ་རིག་གཞུང་ལུགས་སོགས་ལ་བློ་སྦྱོང་ཆེད་དུ་མེད་མཁན་ཚོས་རྩོམ་རིག་བརྩམས་ཆོས(作品)དང་། སྤྱིར་བཏང་གི་རྩོམ་ཡིག(文章)ལ་ཞིབ་ཕྲའི་ཁྱད་པར་གང་ཡོད་སྐོར་ངོས་འཛིན་ཡང་དག་བསྐྱེད་མ་ཐུབ་པར་འོལ་སྤྱི་ཙམ་གྱིས་དེ་ཀུན་ལ་རྩོམ་ཞེས་བརྗོད་ཀྱིན་པ་དངོས་ཡོད་གནས་ཚུལ་ཡིན་རྐྱེན། འདིར་ཡང་ཆེད་དུ་དབྱེ་ཞིབ་ཅིག་བྱེད་དགོས་ཀྱིན་འདུག
        དེ་ཡང་དེང་སང་གི་རྩོམ་འབྲི་རིག་པའི་ཁྱབ་ཁོངས་སུ། རྩོམ་ཞེས་པར་སྒྲ་ཡངས་འཇུག་གི་ཐོག་ནས་རྩོམ་རིག་གི་ལུས་ཅན(体裁)དང་། གསར་འགྱུར་གྱི་ལུས་ཅན། རིག་གཞུང་གི་ལུས་ཅན། དངོས་སྤྱོད་ཀྱི་ལུས་ཅན་བཅས་སོ་སོའི་རྣམ་པ་དང་ནང་དོན་ལ་ཆེར་མ་གཞིགས་པར་ཐུན་མོང་ཐོག་རྩོམ་ཞེས་པའི་མིང་གིས་བསྙད་དེ་རིགས་བཞིར་དབྱེ་སྟངས་ཤིག་དང་། ཡང་མཚོན་ཐབས་དང་། སྒྲིག་སྲོལ། བྱེད་ནུས་བཅས་ལ་དཔགས་ནས་རྩོམ་རིག་བརྩམས་ཆོས་ཕུད་པའི་རྩོམ་རྣམས་ལ། ཇི་བཞིན་བརྗོད་པའི་རྩོམ་དང་། དགག་སྒྲུབ་ཀྱི་རྩོམ། གསལ་བཤད་ཀྱི་རྩོམ། དངོས་སྤྱོད་ཀྱི་རྩོམ་བཅས་ཀྱི་རིགས་སུ་དབྱེ་སྟངས་ཀྱང་འདུག⑥ འདི་གཉིས་ལས་དང་པོ་ནི་ཆེས་རགས་ཤིང་རྩིང་བ་ཞིག་ཡིན་པས་ཆ་འཇོག་ཆེར་མ་མཆིས་ཤིང་། གཉིས་པར་འོས་འཚམ་གྱི་ཆ་ཅུང་ཟད་འདུག་ནའང་ཞིབ་ཆ་མ་ཐོན་པའི་ཞན་ཆ་སྔར་བཞིན་ཡོད་པ་ཞིག་ཡིན་སྟབས། སྒྲ་དོག་འཇུག་ཅེས་པའི་དབྱེ་སྟངས་ཤིག་ལོགས་སུ་བྱུང་ཞིང་། འདི་ནི་དེང་གི་མཐོ་རིམ་སློབ་གྲྭ་ཁག་གི་བསླབ་དེབ་ཏུ་རྒྱུན་པར་འབྱུང་ཞིང་རྒྱུགས་ཆེ་བའི་དབྱེ་སྟངས་དེའང་རེད། དབྱེ་སྟངས་འདིར་རྩོམ་རིག་བརྩམས་ཆོས་རྣམས་ལོགས་སུ་བཀར་ནས་རྩོམ་རིག་གི་ཁོངས་སུ་གཏོགས་པར་བྱས། སྒྲ་དོག་འཇུག་གི་རྩོམ་རྣམས་མཉམ་དུ་བཞག་ཅིང་། དེ་ཡང་སྤྱིར་བཏང་རྩོམ་ཡིག(普通文章)དང་། དངོས་སྤྱོད་རྩོམ་ཡིག(应用文章)ཅེས་པར་དབྱེ། ཕྱི་མ་འདི་གཉིས་ལ་བྱེ་བྲག་ཏུ་ད་དུང་དབྱེ་རྒྱུ་མང་ཡང་། འདིར་ཆེར་མི་སྤྲོའོ།།
        དེས་ན་རྩོམ་རིག་བརྩམས་ཆོས་དང་སྒྲ་དོག་འཇུག་གི་རྩོམ་ཡིག་གཉིས་ཁྱབ་ཁོངས་གཉིས་སུ་སོ་སོར་དབྱེ་བའི་ཚད་གཞི་ནི། རྩོམ་རིག་བརྩམས་ཆོས་ནི་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་ཤིང་། དེས་གཙོ་བོ་འགྲོ་བ་མི་རྣམས་ལ་མཛེས་དཔྱོད་ཀྱི་རིན་ཐང་བསྐྲུན་པའི་ཆེད་རེད་ལ། དེའི་ནང་འཁྱོག་བརྗོད་དང་རྟོག་བཟོ་སོགས་ཡོད་སྲིད་པ་རེད། རྩོམ་ཡིག་ནི་གཙོ་བོ་མི་རྣམས་ཀྱི་ཉིན་རྒྱུན་གྱི་སྤྱོད་སྒོར་དམིགས་པ་ཞིག་དང་། སོ་སོའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་ཕྱོགས་སུ་རྒྱ་ཆེར་སྤྱད་ནས། ཤེས་བྱ་དང་བསམ་བློ་སྣ་ཚོགས་ཇི་བཞིན་སྒྲོག་པ་ཞིག་ཡིན་པས། སྐད་ཆ་དང་མཚོན་ཐབས། ཁ་གཏོད་ས་བཅས་ཀྱི་ཐད་རྩོམ་རིག་བརྩམས་ཆོས་དང་མི་འདྲ་ས་མང་ཞིང་། སྤྱིར་བཏང་འཁྱོག་བརྗོད་དང་རྟོག་བཟོ་མི་ལྡན་ཕྱིར། དེར་རྩོམ་རིག་གི་རང་བཞིན(文学性)མི་ལྡན་པ་རེད། དེའི་ཕྱིར་དེ་གཉིས་སོ་སོར་དབྱེ་བའི་ཚད་གཞི་ནི། རྩོམ་རིག་གི་རང་བཞིན་ལྡན་མི་ལྡན་དང་། རྟོག་བཟོ་དང་འཁྱོག་བརྗོད་བྱས་མ་བྱས་ཀྱི་ཁྱད་པར་ཡིན་ནོ།།
      དབྱེ་ཞིབ་འདིར་གཞི་བྱས་ནས། བརྩམས་སྒྲུང་ལ་སྒྲུང་རྩོམ་ཟེར་མི་རིགས་པའི་རྒྱུ་མཚན་ནི། བརྩམས་སྒྲུང་ནི་རྩོམ་རིག་གི་ཁོངས་སུ་ཡིན་པ་དང་། དེ་སྒྱུ་རྩལ་གྱི་རྣམ་པ་རང་རྐྱ་འཕེར་བ་ཞིག་ཡིན་པ་དམིགས་བསལ་དུ་སྟོན་ཆེད། དེ་དང་ཁྱད་པར་ཆེ་བའི་རྩོམ་ཞེས་པ་དེའི་མིང་གི་ཆ་ཤས་སུ་སྤྱད་ན་ཉག་ཉོག་མཉམ་བསྲེས་བྱས་པའི་སྐྱོན་འབྱུང་བས་འོས་འཚམ་མ་རེད་སྙམ་པ་དེ་ཡིན།


མཆན།


①曹文轩《第二世界——对文学艺术的哲学解释》,见于其中第一章“术语”部分,作家出版社2003年1月出版,第11页。

②傅道彬、于茀《文学是什么》,北京大学出版社2002年1月出版,第212页。

③དོན་གྱི་བྱུང་བ་བརྗོད་པའི་རྩོམ་གྱི་རིགས་ཟེར་བ་ནི་རྒྱ་ཡིག་གི叙事性文体ཟེར་བ་དེ་ཡིན་ལ། སྤྱིར་བཏང་བྱུང་རིམ་དང་མི་སྣ། ཁོར་ཡུག་གསུམ་ཚང་ཡོད་པའི་ཆ་ནས་གཏམ་རྒྱུད་དང་ངག་རྒྱུན། ལྷ་སྒྲུང་སོགས་ཀྱང་བརྩམས་སྒྲུང་དང་འདྲ།

④曹文轩《小说门》,作家出版社2003年1月出版,第86页。

⑤曹文轩《小说门》,作家出版社2003年1月出版,第50页。

⑥路德庆主编《普通写作学教程》,高等教育出版社2010年3月出版,第7页。

    (སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འཕྲིན་སྟེགས་ལས་བཤུས། )



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1