སློབ་འབྲིང་སློབ་མའི་སྨྲ་བརྗོད་ནུས་པ་ཇི་ལྟར་སྐྱེད་སྲིང་བྱེད་པའི་སྐོར་རགས་ཙམ་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


སྤྱིར་རང་རྒྱལ་གྱི་སློབ་གསོ་བྱ་བའི་དཀའ་གནད་དེ་ནུབ་རྒྱུད་ས་ཁུལ་གྱི་སློབ་གསོར་ཐུག་ཡོད་ལ། རང་རེའི་ནུབ་རྒྱུད་ས་ཁུལ་གྱི་སློབ་གསོའི་དཀའ་གནད་དེ་ང་ཚོ་རོང་འབྲོག་ས་ཁུལ་གྱི་སློབ་གསོར་ཐུག་ཡོད་པས། རོང་འབྲོག་ས་ཁུལ་གྱི་སློབ་གསོའི་རྨང་གཞི་ནི་སློབ་ཆུང་དང་སློབ་འབྲིང་གི་སློབ་མའི་ཕྱོགས་གང་ཅིའི་ཐད་ཀྱི་ཆུ་ཚད་ལ་རག་ལས་པ་དང་དེ་ལ་ང་ཚོ་དགེ་རྒན་གྱི་མིང་འཛིན་པ་རྣམས་ཀྱིས་སློབ་མ་ཚོར་ཤ་ཚ་ཚ་དང་སྙིང་ཉེ་ཉེའི་སྒོ་ནས་སློབ་ཁྲིད་བྱ་རྒྱུ་དང་སློབ་གསོ་གཏོང་རྒྱུ། སྨྲ་བརྗོད་ཀྱི་ནུས་པ་སྐྱེད་སྲིང་བྱ་རྒྱུ་སོགས་ནི་ཧ་ཅང་གལ་ཆེན་པོར་མཐོང་། དེ་ལ་ཐོག་མར་རང་དབང་གི་ཁོར་ཡུག་གསར་བ་ཞིག་བསྐྲུན་ཏེ་སློབ་མའི་གཏམ་བརྗོད་ལ་སྐུལ་སློང་བྱེད་པ་དང་རང་ཉིད་མཐོང་ཆུང་གི་སེམས་པ་དོར་ཏེ་སྤོབས་པ་ལྡན་པ་ཞིག་བྱེད་དུ་འཇུག་དགོས།སློབ་ཁྲིད་བྱེད་དུས་དགེ་རྒན་གྱིས་ངེས་པར་ལྷོད་འཇམ་གྱི་སྐད་གདངས་དང་གཤིས་འཇམ་གྱི་རྣམ་འགྱུར་ཐོག་ནས་སློབ་མ་རྣམས་ལ་དགེ་རྒན་གྱི་དྲི་བར་ལན་འདེབས་དགོས་པའི་སྐུལ་སློང་བྱས་ཏེ།ལྷོད་ཡངས་འཆམ་མཐུན་གྱི་སློབ་ཁྲིད་ཁོར་ཡུག་བསྐྲུན་པར་འབད་བརྩོན་བྱ་དགོས། ཁྱད་པར་དུ་ཁོང་ཁྲོ་དང་ཞེ་སྡང་གི་རྣམ་འགྱུར་ཅི་ཡང་མི་སྟོན་པར་སྤྲོ་སྣང་གིས་སློབ་ཤེས་པ་དང་། རང་གི་སེམས་ཤུགས་དང་སྤྲོ་སྣང་ལ་བརྟེན་ནས་སློབ་མར་སྐུལ་སློང་བྱས་ཏེ་སྨྲ་བརྗོད་ནུས་པ་སྐྱེད་སྲིང་བྱ་དགོས།སློབ་མས་དྲི་བར་ལན་འདེབས་པར་བརྩོན་སེམས་མེད་པ་དང་རང་འགུལ་གྱིས་བསམ་ཚུལ་བརྗེ་རེས་ལ་མི་ཞུགས་པའི་རྒྱུ་རྐྱེན་གཙོ་བོ་ནི་སེམས་ཁམས་ལ་རག་ལས་པས། སློབ་མ་མང་ཤས་ལ་གནོན་ཤུགས་ཀྱི་འདུ་ཤེས་ཅུང་ཆེ།དྲིས་ལན་བཏབ་པར་ནོར་འཁྲུལ་བྱུང་ན་ངོ་ཚ་བ་དང་སློབ་གྲོགས་ཚོའི་འཕ་དགོད་ལ་སྐྲག་པ་རེད།ལྷག་པར་ལོ་རིམ་ཅུང་མཐོ་བའི་སློབ་གྲོགས་ཚོ་ལ་མཚོན་ན་དེ་བས་ཀྱང་ཚབས་ཆེ་བ་རེད། འགལ་རྐྱེན་འདི་རིགས་ཀྱིས་ནམ་རྒྱུན་ཁོ་ཚོ་ཅི་ཞིག་ལ་ཁ་སྐྱེངས་ནས་ལན་མི་འདེབས་པའམ་ཡང་ན་རྩ་བ་ནས་ཁ་མི་གྲགས་པར་མགོ་སྒུར་བཞིན་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་དང་།རང་འགུལ་གྱིས་བསམ་ཚུལ་བརྗེ་རེས་ལ་ཞུགས་མི་འདོད་པར་བཏང་ཡོད་པས།དགེ་རྒན་ཚོས་དེ་དག་གི་སེམས་ཁམས་རྒྱུས་ལོན་བྱས་ནས།ངེས་པར་ཁོ་ཚོར་སྤོབས་པ་ཆེན་པོས་ལན་འདེབས་དགོས་ཚུལ་གྱི་སྐུལ་ལྕག་གཏོང་དགོས། སྤོབས་པ་ཆེན་པོས་གླེང་མོལ་བྱེད་པར་སྦྱོང་རྡར་བྱེད་དུ་བཅུག་ན། ད་གཟོད་དེའི་ནང་གི་མི་འདང་ས་ཤེས་ཐུབ་པས། ཁོ་ཚོར་རྒྱུན་དུ་སྨྲ་བརྗོད་རང་དབང་གི་ཁོར་ཡུག་གསར་བ་ཞིག་བསྐྲུན་དགོས།གལ་ཏེ་སློབ་མས་དྲི་བར་ལན་བཏབ་ནས་ནོར་བའམ་ཡང་ན་ནང་དོན་ཆ་ཚང་མིན་སྐབས་་ངེས་པར་བཟོད་སྒོམ་བྱེད་པ་ལས། འཕྲལ་མ་ཉིད་དུ་ཁོ་ཚོར་ལེ་བདའ་དང་འཁང་ར་དང་འཕ་སྨོད་སོགས་གཏན་ནས་བྱེད་མི་རུང་། དེ་ལས་ཀྱང་གལ་ཆེ་བ་ནི་ནོར་འཁྲུལ་བྱུང་མ་ཐག་ཏུ་ཁོ་ཚོར་དྲིས་ལན་འདེབས་པའི་མཚམས་འཇོག་ཏུ་འཇུག་མི་རུང་།འཆུག་ཀྱང་མུ་མཐུད་དུ་བཤད་ཆོག་པའི་རང་དབང་གི་སྨྲ་བརྗོད་ཁོར་ཡུག་འདོན་སྤྲོད་བྱས་ན་ལེགས། དེས་མི་ཚད་ད་རུང་དགོས་གལ་བྱུང་ན་སྤོབས་པ་ཡར་ཐོན་བྱུང་བའི་ཚུལ་ལ་བསྟོད་བསྔགས་འོས་འཚམ་བྱ་དགོས། སློབ་ཁྲིད་བྱེད་སྐབས་ཁ་སྐད་སྦྱོང་རྡར་ལ་ཡང་ཤུགས་བསྣན་དགོས།སྐད་ཡིག་བསླབ་གཞིའི་ཁྲོད་སྐད་བརྡའི་མཐུན་རྐྱེན་ཧ་ཅང་ཕུན་སུམ་ཚོགས་པས།སློབ་མ་རྣམས་ལ་རང་རང་གི་ཕ་སྐད་ཀྱིས་འབྲེལ་འདྲིས་བྱེད་དུ་བཅུག་ནས་སྐད་ཡིག་སྦྱོང་རྡར་ལ་ནུས་པ་ཐོན་དུ་འཇུག་དགོས།དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་བྱེད་དུས།འཆར་གཞི་ཡང་དག་བཀོད་དེ། སློབ་མར་དུས་ཚོད་སྐར་མ་འགའི་ནང་ངག་ཐོག་ནས་བཤད་པའི་སྨྲ་བརྗོད་ནུས་པ་སྐྱེད་སྲིང་བྱ་དགོས་ལ།བསླབ་གཞིའི་ནང་བཀོད་སྒྲིག་བྱས་པའི་ཆེད་དམིགས་ཅན་གྱི་ཁ་རྡའི་སྦྱོང་ཚན་སྦྱོང་རྡར་ལ། སློབ་ཚན་ཀློག་འདོན་དང་གྱེར་འདོན།འཁྲབ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་དེ་སྦྱོང་རྡར་བྱེད་དུ་བཅུག་ན། སློབ་མའི་ཕ་སྐད་ཀྱི་འབྲེལ་འདྲིས་ནུས་པ་དང་སྤྱི་སྐད་ཀྱི་སྨྲ་བརྗོད་ནུས་པ་ཇེ་མཐོར་གཏོང་ཐུབ།དེ་ལས་གཞན། དགེ་རྒན་གྱིས་ཁོམ་གསེང་གི་དུས་ཚོད་ཐུང་ངུ་བེད་སྤྱད་དེ། སློབ་མ་ཁྲིད་སྟེགས་སུ་དྲངས་ནས་གཏམ་བཤད་སྤེལ་དུ་འཇུག་དགོས།སློབ་མས་རང་ཉིད་སྤྲོ་བ་ཡོད་པའི་གསར་འགྱུར་དོན་རྐྱེན་དང་བློ་ངོར་ཡོད་པའི་ལེགས་བཤད་དག་ཕན་ཚུན་ལ་བཤད་པ་དང་བཀླགས་ཟིན་པའི་རྩོམ་གྲགས་ཅན་གྱི་ནང་དོན་སྐོར་ལས་འཕྲོས་ཏེ་དྲི་བ་དྲིས་ལན་དང་བསྐྱར་བཤད་བྱེད་དུ་བཅུག་ན་།སྨྲ་བརྗོད་ཀྱི་སྤོབས་པ་དང་ནུས་པ་སོགས་སྔར་ལས་ཇེ་མཐོར་གཏོང་ཐུབ་ཅིང་།གཏམ་བརྗོད་དེ་དག་ལ་མཉན་རྗེས། དགེ་རྒན་གྱིས་བསྟོད་བསྔགས་ཡར་སྐུལ་དང་འོས་འཚམ་གྱིས་དཔྱད་འཇོག་བྱེད་པར་སྐུལ་སློང་བྱ་དགོས་ལ།གཏམ་བཤད་འདི་རིགས་ཀྱིས་སློབ་མའི་སྨྲ་བརྗོད་ཀྱི་ཆུ་ཚད་དང་སྐད་ཡིག་སློབ་སྦྱོང་གི་སྤྲོ་སྣང་ཆེ་རུ་གཏོང་ཐུབ་པར་མ་ཟད། སློབ་མ་མང་པོའི་མཐོང་རྒྱ་དང་ཤེས་རྒྱ་ཡང་བསྐྱེད་ཐུབ་ལ། ཤེས་རིག་ལ་དགའ་བའི་སློབ་མ་རྣམས་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་ཕན་ནུས་བཟང་པོ་ཐོན་ཐུབ། སྨྲ་བརྗོད་ཀྱི་སྐད་ཆ་དང་མིང་ཚིག་སྣ་མང་བསྡུ་ལེན་གསོག་འཇོག་བྱ་དགོས། སྨྲ་བརྗོད་ཀྱི་སྐད་ཆ་དང་མིང་ཚིག་སྣ་མང་བསྡུ་ལེན་བྱེད་པ་ལ།བསླབ་ཕྱིའི་དཔེ་ཆ་མང་པོ་ཀློག་པར་ཤུགས་བསྣན་བྱ་དགོས།སྨྲ་བརྗོད་ཀྱི་སྐད་ཆའི་ནང་དོན་དང་དུས་རྒྱུན་གྱི་ཤེས་བྱ་གསོག་ཉར་གཉིས་ཕན་ཚུན་ཁ་འབྲལ་ཐབས་མེད་པ་རེད། འོན་ཀྱང་དེང་གི་སློབ་མ་རྣམས་ལ་མཚོན་ན་བསླབ་ཚན་གྱི་གནོན་ཤུགས་ཧ་ཅང་ཆེ་སྟབས། བསླབ་ཕྱིའི་དཔེ་དེབ་མང་པོ་ཀློག་པའི་དུས་ཚོད་ཉུང་བ་དང་། རྒྱུན་པར་རང་གིས་བརྗོད་འདོད་ཀྱི་སྣང་བརྙན་དེར་གསོན་ཉམས་ལྡན་པ་དང་གོ་སྐོན་བློ་འགུག་གི་ནུས་པ་ཆེན་པོ་མི་ལྡན་པ་རེད།དགེ་རྒན་གྱིས་བསླབ་གཞི་བཀོལ་སྤྱོད་བྱེད་དུས་ལུགས་མཐུན་སྒོས་སློབ་ཚན་དེ་དག་ཡང་ཀློག་བསྐྱར་ཀློག་དང་ཡིད་ལ་འཇགས་པར་བྱས་པ་བརྒྱུད་ནས། སློབ་མར་སྐད་ཆའི་རྒྱུ་ཆ་ཧ་ཅང་མང་པོ་གསོག་འཇོག་བྱེད་དུ་འཇུག་དགོས། སློབ་མས་བསླབ་གཞིའི་ངོས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པའི་དུས་མཚུངས་སུ། སྨྲ་བརྗོད་ཀྱི་སྐད་ཆ་ཉམས་ལྡན་ཡིད་ལ་འཛིན་པ་དང་གཏམ་དཔེ་མཚར་བོ་དང་སྐད་ཆ་སྙན་མོ་བློར་འབབ་པ་ཐམས་ཅད་གསོག་འཇོག་བྱས་ཏེ།སློབ་ཚན་ཁྲོད་ཀྱི་སྐད་བརྡ་དེ་རིམ་གྱིས་རང་གི་སྐད་བརྡར་འགྱུར་བར་བྱ་དགོས། དེ་ལས་གཞན་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་དུས་སུ་ཁྲིད་པའི་ནང་དོན་རྣམས་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་བསླབ་གཞི་ཕྱི་རོལ་གྱི་དཔེ་ཀློག་ལ་སྐུལ་སློང་བྱས་ཏེ་རིམ་གྱིས་སློབ་མའི་ཤེས་བྱ་གསོག་འཇོག་དང་ཤེས་ཡོན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཁ་ལྕེ་སྦྱོང་རྡར་བྱེད་པ་ནི་སྨྲ་བརྗོད་ནུས་པ་སྐྱེད་སྲིང་བྱེད་པའི་བྱེད་ཐབས་ཤིག་ཡིན་པ་སློབ་ཆུང་དང་སློབ་འབྲིང་གི་སློབ་མར་ངེས་པར་ཤེས་སུ་འཇུག་དགོས། དེ་ནི་མི་དང་མིའི་བར་གྱི་འབྲེལ་འདྲིས་དང་ཁ་འབྲལ་ཐབས་མེད།དགེ་རྒན་གྱི་བསམ་བློའི་འདུ་ཤེས་སྟེང་ནས། སློབ་མར་ཁ་སྐད་ཀྱི་འབྲེལ་འདྲིས་ནུས་པ་དང་སྨྲ་བརྗོད་ནུས་པ་སྦྱོང་རྡར་ཐོབ་པའི་ལྟ་ཚུལ་འཛུགས་པ་དང་།གོ་སྐབས་སྣ་ཚོགས་བསྐྲུན་ཐུབ་ན།སློབ་མ་རྣམས་ཀྱི་སྨྲ་བརྗོད་ཀྱི་སྐད་ཆ་སྦྱོང་བ་དང་ཁ་སྐད་ཀྱི་འབྲེལ་འདྲིས་ནུས་པ་ཇེ་མཐོར་གཏོང་ཐུབ་ངེས་རེད། མི་རིགས་ས་ཁུལ་གྱི་དཔལ་འབྱོར་ཆ་རྐྱེན་དང་རིག་གནས་ཁོར་ཡུག་དེ་ནང་ལོགས་ས་ཆ་དང་བསྡུར་ན་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་ན་ཡང་། སློབ་མ་རྣམས་སྤྱང་གྲུང་ལྡན་ཞིང་བརྩོན་འགྲུས་ཆེ་བས།དགེ་རྒན་གྱིས་ཁྲིད་སྟོན་བཟང་པོ་བྱེད་ཐུབ་ན། སློབ་མའི་སྨྲ་བརྗོད་ཀྱི་ནུས་པ་དང་མཐོང་རྒྱ་ཇེ་ཆེར་གཏོང་ཐུབ་ལ། ཤེས་ཡོན་ཕུན་སུམ་ཚོགས་པོར་གཏོང་ཐུབ། དེ་བས། སློབ་ཁྲིད་དགེ་རྒན་བཀོད་སྒྲིག་བྱ་རྒྱུར་མཐོང་ཆུང་གཏན་ནས་བྱ་མི་རུང་ལ།ལྷག་པར་སློབ་འབྲིང་སློབ་མའི་སྨྲ་བརྗོད་ནུས་པ་སྐྱེད་སྲིང་བྱེད་པར་ཐད་ཀར་རག་ལས་པའི་སྐད་ཡིག་དགེ་རྒན་གྱི་བཀོད་སྒྲིག་ནི་དེ་བས་ཀྱང་གཟབ་གཟབ་བྱ་དགོས་པ་ཞིག་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1