སྤྱི་ཟླ་8པའི་ཚེས་4ཉིན། 2016ལོའི་མཚོ་སྔོན་ཞིང་ཆེན་དར་ལག་རྫོང་གེ་སར་སེང་འབྲུག་ཕོ་བྲང་གི་རིག་གནས་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་སྤེལ་འགོ་ཚུགས། ཕྱི་དྲོར་དར་ལག་རྫོང་གླིང་གི་རྟ་རྒྱུགས་ཐང་གི་སྦྲ་ནག་ནང་དུ་2016ལོའི་དར་ལག་རྫོང་གི་གེ་སར་གྱི་ཕ་སར་སྐྱོད་པ་ཞེས་པའི་རྒྱལ་ཡོངས་ཆེད་མཁས་པའི་རིག་གཞུང་བགྲོ་གླེང་འཚོགས། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཕེབས་པའི་ཆེད་མཁས་པ་རྣམས་རྨ་གཡང་ཕྱུག་མོའི་རྩྭ་ཐང་དུ་འཛོམས་ཏེ་གེ་སར་སེང་འབྲུག་ཕོ་བྲང་འཛུགས་སྐྲུན་དང་གེ་སར་རིག་གནས་རྒྱུད་འཛིན་དང་དར་སྤེལ་སོགས་ཀྱི་ཐད་ནས་གཏམ་བཤད་དང་དཔྱད་བསྡུར་གནང་།
པེ་ཅིན་དང་སི་ཁྲོན། ནང་སོག མཚོ་སྔོན་སོགས་ཀྱི་གེ་སར་དང་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་སྒྱུ་རྩལ་པ་30ལྷག་ཐེངས་འདིའི་བགྲོ་གླེང་སྟེང་ཞུགས་པ་དང་། གླེང་སྟེགས་འདི་སྔོན་མའི་མགོ་ལོག་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ། གེ་སར་རིག་གནས་ཀྱི་ཆེད་མཁས་པ་ནོར་བདེ་ཡིས་གཙོ་སྐྱོང་གནང་།།