སྤྱི་ཟླ་8པའི་ཚེས་22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་གཟིགས་ཞིབ་ཏུ་ཕེབས་པ་དང་དེ་ནས་སུ་རླངས་འཁོར་ལ་བཞུགས་ཏེ་སྤྱི་ལེ་60ཡི་ལམ་ཐག་བརྒྱུད་ནས་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་ཅ་ལུད་ཡན་ལག་སྤྱི་གཉེར་ཁང་གི་གྲུ་ཁར་ཕེབས།
ཞི་ཅིན་ཕིང་གིས་ཚྭ་འདམ་གཞོང་སའི་འཁོར་སྐྱོད་དཔལ་འབྱོར་གྱི་འཕེལ་རྒྱས་དང་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བཀོལ་སྤྱོད་ཀྱི་གནས་ཚུལ་སྐོར་མཚམས་སྦྱོར་བྱས་པར་གསན་པ་དང་འབྲེལ་ཡོད་ཀྱི་གསུང་བཤད་གནང་།
ཕྱི་དྲོར། ཞི་ཅིན་ཕིང་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བར་ཕེབས་ནས་སྐྱེ་ཁམས་ཡུལ་སྤོར་དང་མི་རིགས་མཐུན་སྒྲིལ། གཞི་རིམ་ཏང་འཛུགས་བཅས་ཀྱི་ལས་ཀར་རྟོག་ཞིབ་གནང་། སྤྱི་ཁྱབ་ཧྲུའུ་ཅི་བོད་རིགས་སྡེ་བ་དེར་ཐོན་པ་ན་སྡེ་བ་དེ་རུ་དགའ་སྤྲོའི་དཔལ་གྱིས་ཁེངས། ཡུལ་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་དྲི་མེད་ཁ་བཏགས་དང་ཕྱེ་མར། ནས་ཆང་སོགས་དྲངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ལ་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས། །