ཆོས་སྡེ་ཆེན་པོ་དཀར་མཛེས་བཀྲ་ཤིས་བཤད་སྒྲུབ་ནོར་བུ་གླིང་།
ཆོས་སྡེ་ཆེན་པོ་དཀར་མཛེས་བཀྲ་ཤིས་བཤད་སྒྲུབ་ནོར་བུའི་གླིང་ནི་བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྟག་སྟེ། སྤྱི་ལོ་1662ལོར་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཕྱག་བཏབ་གནང་བའི་མདོ་སྨད་དགོན་སྡེ་བཅུ་གསུམ་བཞེངས་པའི་ཡ་གྱལ་ཐོག་མའི་ཕྱག་བཞེངས་གནང་ཞིང་། གཟའ་སྐར་དུས་བཟང་གི་འཕྲོད་སྦྱོར་གྱི་དགེ་མཚན་དང་བསྟུན། དགོན་འདིའི་མཚན་ལ་ཐོག་མར་དཀར་འཛིན་དགོན་ཞེས་བྱེད་ལས་ཀྱི་སྒོ་ནས་གདགས་པ་ཡིན་ཞེས་པ་དང་། ཡང་བཤད་སྲོལ་གཞན་ཞིག་ནི་ཁོང་གིས་དགོན་ས་བཏབ་པའི་གནས་དེ་རུ་རྡོ་དཀར་པོ་མང་པོ་ཡོད་པས་དཀར་མཛེས་ཞེས་ཡུལ་གྱི་སྒོ་ནས་གདགས་པ་ཡིན་ཞེས་གྲགས། དེང་དུས་ཡང་ཡོངས་གྲགས་སུ་ཚང་མས་དཀར་མཛེས་ཞེས་ཐ་སྙད་དུ་འབོད་བཞིན་ཡོད་ཀྱང་དོན་དུ་སྐར་འཛིན་ཞེས་པའི་མཚན་དེ་ལོ་རྒྱུས་ཀྱི་ཡིག་ཚང་ལས་བདེན་དཔང་དང་ར་སྤྲོད་བྱས་ཡོད། སའི་རྒྱ་ཁྱོན་གཞི་འདོམ་སྨི་གྲུ་བཞི་མ་བརྒྱད་བརྒྱ་ལྷག་ཙམ་གྱི་སྟེང་དུ་གཙུག་ལག་ཁང་བཞེངས་ཡོད་ལ། དེའི་སྟེང་དུ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྒྱ་ཕིབས་དང་། གཉྫི་ར། ཆོས་འཁོར། གདུགས་དང་རི་དྭགས་རྒྱལ་མཚན་སོགས་ཀྱིས་བརྒྱན་ཡོད། སའི་ཆགས་རིམ་རྒྱ་མཚོའི་ངོས་ལས་མཚོ་འཕགས་སྨི་340སར་ཆགས་ཡོད་ལ། དགོན་པ་འདིའི་ཆོས་ལུགས་གྲུབ་མཐའ་ནི་དགེ་ལུགས་པ་ཡིན་ཞིང་འདུལ་བའི་བཅས་ཁྲིམས་དང་གཞི་གསུམ་གྱི་ཕྱག་ལེན་སོགས་དམ་ཆོས་འདུལ་བའི་ལུགས་བཞིན་ཕྱག་ལེན་གནང་བཞིན་ཡོད་ལ་གོས་ཆེན་སེར་པོའི་བཅའ་ཡིག་ཞེས་དེང་སང་གི་བར་དུ་བཞུགས་ཡོད།
དང་པོ། དགོན་པའི་སྐུ་གསུང་ཐུགས་རྟེན་གྱི་སྐོར།
ཚོགས་ཆེན་འདུ་ཁང་ངམ་འདུ་ཁང་སྤྱི་པའི་ནང་འཇམ་དབྱངས་ཆོས་འཁོར་མ་རྒྱལ་བ་སྐུ་ཕྲེང་གོང་མ་ཞིག་གིས་རྟེན་སྐལ་དུ་གནང་བ་དེ་བཞུགས་ཡོད། གཟིགས་རྒྱབ་བཀའ་ཆེན་གྱིས་བཞེངས་པའི་སྨན་སྐུ་ཐུབ་པ་ཚུལ་ཁྲིམས་མ་སྐུ་ཚད་ཁང་བརྩེགས་གཅིག་ཙམ་ཡོད་པ། བྱམས་པ། རྗེ་རིན་པོ་ཆེ། འཁྲུངས་གསར་བློ་བཟང་ཕུན་ཚོགས་བཅས་ཀྱི་སྨན་སྐུ་བརྩེགས་གསུམ་ཙམ་ཡོད་པ། ཚེ་ལྷ་རྣམ་གསུམ། སེང་གདོང་མ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་བཅས་སྐུ་ཚད་བརྩེགས་གཉིས་ཙམ་ཡོད་པ། འཇམ་དབྱངས་དང་ཕྱག་རྡོར། སྨན་བླ་བདེ་བཤེགས་བརྒྱད། ཚོགས་གྲལ་མགོར། རྒྱལ་དབང་བཅུ་གསུམ་པ་དང་པཎ་ཆེན་ཆོས་ཀྱི་ཉི་མའི་འདྲ་སྐུ། རྒྱུ་གསེར་ཟངས་ལས་གྲུབ་པའི་རྗེ་ཚེ་འཛིན་མའི་སྐུ་ཁང་བརྩེགས་གཉིས་ཡོད་པ། འདུ་ཁང་སྒོའི་སྟེང་དུ་ལམ་བྲག འཁྲུངས་གསར། གཟིགས་རྒྱབ་བཅས་ཀྱི་འདྲ་སྐུ། སྟོན་པའི་འཁྲུངས་རབས། རྒྱན་དྲུག་མཆོག་གཉིས་ཀྱི་ལྡེབས་རིས། སྲུང་མ་ཁང་དགོན་པ་སྤྱིའི་སྲུང་མ། བཀའ་སྲུང་ཡོན་ཏན་རྒྱལ་པོ། རྟ་མགྲིན་གསང་སྒྲུབ། ལྷ་མོའི་འདྲ་སྐུ། བླ་མ་གསུམ་གྱི་གཟིམས་ཆུང་ནང་རྒྱལ་དབང་བཅུ་གསུམ་པའི་ན་བཟའ་ཆ་ཚང་། རྒྱུ་གསེར་ཟངས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན། རྗེ་ཡབ་སྲས་གསུམ། གནས་བརྟན་བཅུ་དྲུག རྒྱལ་ཆེན་སྡེ་བཞི། ཚེ་དཔག་མེད། རྣམ་རྒྱལ་མ་བཅས་ཀྱི་སྐུ་འདྲ། རྗེ་ཡབ་སྲས་གསུམ་དང་རྣམ་སྲས་སོགས་ཀྱི་སྐུ་ཐང་བཅོ་ལྔ། རྒྱུ་གསེར་ཟངས་ལས་གྲུབ་པའི་གཟིགས་རྒྱབ་སྔགས་འཆང་གི་གདུང་རྟེན་ཁང་བརྩེགས་གཅིག་ཡོད་པ། བྱམས་པ་ཆོས་འཁོར་མ། རྗེ་ཡབ་སྲས་གསུམ་བཅས་ཀྱི་ལི་སྐུ་ནང་གཟུངས་ལ་རྒྱལ་དབང་བཅུ་གསུམ་པའི་ན་བཟའ་ཆ་ཚང་། ལི་སྐུ་ཆེ་ཆུང་སུམ་ཅུ་ལྷག ཀུན་རིག་དཀྱིལ་འཁོར། རྗེ་ཙོང་ཁ་བའི་རྣམ་ཐར་རྒྱས་པ། སྟོན་པའི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་། འཁྲུངས་གསར་འཁྲུངས་རབས་སོགས་ཞལ་ཐང་སུམ་ཅུ་ལྷག ཤར་ལི་ནུབ་ལིའི་སྐུ་བརྙན་ཆིག་སྟོང་ལྔ་བརྒྱ་ལྷག རྒྱུ་གསེར་ཟངས་ལས་གྲུབ་པའི་གསེར་སྡོང་ཁང་བརྩེགས་གཉིས་ཡོད་པའི་ནང་གཟུངས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ། སྐུ་གསེར་ཟངས་སྒྲོལ་མ་ཉེར་གཅིག་ཉེ་སྲས་བརྒྱད་ཁང་བརྩེགས་ཕྱེད་ཙམ་ཡོད་པ། ཙོང་ཁ་བརྒྱད་ཅུའི་སྨན་སྐུ། སྒོ་ཕྱི་ནང་རྒྱལ་ཆེན་བཞིའི་སྨན་སྐུ་སོགས་ཡོད།
གསུང་གི་སྐོར་ལ། བཀའ་འགྱུར་དངུལ་བྲིས་ཆ་ཚང་གཅིག ཚལ་པར་སྣག་པར་ཚར་དགུ རྗེ་ཡབ་སྲས་གསུང་འབུམ་ཆ་ཚང་བཞི་སོགས་ཡོད། མགོན་ཁང་ནང་དུ་ཆོས་རྒྱལ་ནང་སྒྲུབ། ལྕམ་སྲིང་གཙོ་འཁོར་བཅས་མི་ཚད་མ། ཐང་སྟོང་པའི་སྐུ་བརྙན། འཇིགས་བྱེད། གསང་འདུས། ཀུན་རིག རྒྱན་དྲུག་མཆོག་གཉིས་བཅས་ཀྱི་གྱན་ཐང་སོགས་བཞུགས།
སྔགས་པ་གྲྭ་ཚང་གི་ནང་རྟེན་དུ་རྗེ་ཙོང་ཁ་པ། བདེ་གསང་འཇིགས་གསུམ། ཚེ་ལྷ་རྣམ་གསུམ། སྒྲོལ་མ། བྱམས་པ། རྡོ་རྗེ་སེམས་དཔའ། འཁྲུངས་གསར་བློ་བཟང་ཕུན་ཚོགས། སྟོན་པ་བཅས་སྐུ་ཚད་ཁང་བརྩེགས་གཅིག་ལྷག་ཡོད་པ། དམག་ཟོར་མ། དམ་ཅན། ནོར་བདག་བཀའ་རྒྱ་མ། རྣམ་སྲས། མགོན་དཀར། རྒྱལ་བ་སེང་གེ་ང་རོ། དུས་གསུམ་སངས་རྒྱས། གནས་བརྟེན་བཅུ་དྲུག རྗེ་ཡབ་སྲས་གསུམ། སྲུང་མ་ཁང་དུ་ནག་ཚང་བསྟན་པ་དར་རྒྱས་ཕྱག་བཟོ། མགོན་པོ། ལྕམ་སྲིང་། སྨན་སྐུ་ཆེ་ཆུང་སྣ་ཚོགས། རྒྱུ་གསེར་ཟངས་ལས་གྲུབ་པའི་རྗེ་ཤེས་རབ་སེང་གེའི་སྐུ་འབུམ། བདེ་གསང་འཇིགས་གསུམ་གྱི་བློས་བསླང་། ལྷ་མོའི་སྐུ། འཇིགས་བྱེད། རྟ་མགྲིན། ཆོས་རྒྱལ། ནུབ་ལིའི་སྐུ་སྣ་ཚོགས་ཆིག་སྟོང་ལྷག་བཞུགས།
མཚན་ཉིད་གྲྭ་ཚང་གི་རྟེན་གཙོ་བོ་རྗེ་རིན་པོ་ཆེ་སྨན་སྐུ་ཁང་བརྩེགས་གཅིག་ཙམ་ཡོད་པ། རྒྱུ་གསེར་ཟངས་ལས་གྲུབ་པའི་གདུགས་དཀར། རྒྱལ་བ་ཐུབ་བསྟན་རྒྱ་མཚོ། སྒྲོལ་མ་བཅས་སྐུ་ཚད་བརྩེགས་གཅིག་ཅན། རྒྱུ་གསེར་ཟངས་པཎ་ཆེན་ཆོས་ཀྱི་ཉི་མ། གནས་བརྟན་བཅུ་དྲུག ལོ་གྱོན་མ། སྒྲོལ་མ་ཉེར་གཅིག་བཅས་མདའ་ཚད་པ། རྗེ་སྐུ་ཁང་དུ་རྒྱུ་གསེར་ཟངས་རྗེ་ཡབ་སྲས་གསུམ་དང་རྗེ་ཚེ་འཛིན་མ་བཅས་སྐུ་བརྙན་ཐོག་ཚད་གསུམ་ཅན། རྒྱུ་གསེར་ཟངས་ལས་གྲུབ་པའི་ཇོ་བོའི་སྐུ་ཐོག་ཚད་མ། སྨན་སྐུ་སྒྲོལ་མ་གསུང་བྱོན་མ། མགོན་པོ། ཚེ་ལྷ་རྣམ་གསུམ་བཅས་ཐོག་ཚད་མ། བྱམས་ཁང་ནང་དུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཁང་བརྩེགས་གསུམ་ཅན། སྨན་བླའི་ཁང་དུ་སྨན་འདམ་ལས་གྲུབ་པའི་སྨད་བླའི་སྐུ་དང་། རྒྱལ་པོ་སྐུ་ལྔ་དང་། སྨན་བླའི་བློས་བླང་། སྐུ་ལྔའི་རྟེན་འདུས་སོགས་དང་། གཞན་ཡང་སྒྲོལ་མའི་སྐུ་མདའ་ཚད་མ་ཤར་ལི་ནུབ་ལི་སྣ་ཚོགས་ཆིག་སྟོང་ལྷག་བཞུགས་ཡོད།
གཉིས་པ། དགོན་པ་བསྐྱར་བཞེངས་ཀྱི་སྐོར།
རང་རྒྱལ་གྱི་ཆོས་ལུགས་གནད་དོན་སྐོར་གྱི་རྩ་བའི་ལྟ་ཚུལ་དང་རྩ་བའི་སྲིད་ཇུས་གཏན་འབེབས་བྱས་ཏེ། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་དངོས་འབབ་བྱས་པར། སྤྱི་ལོ་1981ལོའི་ཟླ་8པའི་ཚེས་24ཉིན། ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གིས་དཀར་མཛེས་དགོན་པ་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་། ལྷག་པར་དུ་རིག་གནས་གསར་བརྗེ་ཆེན་པོའི་ནང་དགོན་པའི་ལྷ་ཁང་རྣམས་དང་གྲྭ་ཤག་སོ་སོ། ནང་རྟེན་སྐུ་གསུང་ཐུགས་རྟེན་སོགས་རྩ་གཏོར་ཐེབས་པ་ལ། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་དཔལ་འབྱོར་སྟེང་བསྡོམས་དམངས་སྒོར་ཁྲི་བཞི་བཅུ་ཞེ་གསུམ་དང་སྟོང་ཕྲག་བདུན་གནང་། སྤྱི་ལོ་1981ལོའི་ཟླ་8པར་དཀར་དགོན་གསར་བཞེངས་ཀྱི་རྟེན་འབྲེལ་མཛད་སྒོ་བཙུགས་ཏེ་གཙུག་ལག་ཁང་བཞེངས་པའི་ས་ཕྱོགས་སུ་བཀྲ་ཤིས་གསོ་སྦྱོང་འཚོགས། འདུ་ཁང་གི་ཆ་ཚད་དང་འགྲོ་ལམ་སོགས་ཀྱི་ཐིག་བཏབ། སྤྱི་ལོ་1983ལ་དགོན་འདིའི་ཕྱི་ནང་གསང་གསུམ་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པ་ཐོག་བརྩེགས་ལྔ་ཡོད་པ་གཉེར་ཁང་དང་ཇ་ཁང་བཅས་གསར་བཞེངས་ལེགས་གྲུབ་བྱུང་བའོ། །