ད་ལོའི་ཟླ7པའི་ཚེས་12ཉིན་ནས་ཚེས་15ཉིན་བར། རྒྱལ་ཡོངས་ཀྱི་བོན་གྱི་དཔེ་རྙིང་གི་ཡུལ་དངོས་བརྟག་ཞིབ་དང་ཞིབ་བསྡུར་ཚོགས་འདུ་འབྲུག་ཆུ་རྫོང་དུ་འཚོགས་པ་དང་། ཚེས་14་ཉིན་གྱི་ཕྱི་དྲོར་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་འབྲུག་ཆུ་བོད་ཀྱི་དམངས་སྲོལ་རྫས་ཆས་བཤམས་སྟོན་ཁང་དུ་འབྲུག་ཆུའི་ཐོན་སྐྱེད་དང་འཚོ་བ་དང་། སྤྱི་ཚོགས་དང་རིག་གནས་སོགས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་དང་ཞིབ་འཇུག་གནང་བ་རེད།
བཤམས་སྟོན་ཁང་ནང་གི་འབྲུག་ཆུའི་བོད་ཀྱི་གོས་རྒྱན་ལ་ཧ་ཅང་ཁྱད་ཆོས་ལྡན་པར་འདུག ལྷག་པར་དུ་འབྲུག་ཆུའི་བོད་ཀྱི་མོའི་གོས་རྒྱན་དེ་ལ་ཀུན་དང་མི་འདྲ་བ་ཞིག་ཡོད་པ་རེད།
འབྲུག་ཆུ་རྫོང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་འབྲུག་ཆུའི་འབབ་ཡུལ་དུ་ཆགས་ཡོད་པ་དང་། ཡུལ་ཁུལ་དེ་ནི་དཔེ་མཚོན་ཅན་གྱི་རི་རྒྱ་ཀླུང་རྒྱ་ཡོད་པའི་རོང་ཁུལ་ཞིག་ཡིན་ལ། ས་ཆ་དེའི་མི་རྣམས་ལ་བོད་ས་ཁུལ་གཞན་དང་མི་འདྲ་བའི་གོས་རྒྱན་སྤྲས་སྲོལ་ཡོད་པ་དང་། ཕལ་ཆེར་རིགས་རྣམ་ལྔ་འབྱེད་ཐུབ་སྟེ། ནུབ་ཕྱོགས་ཀྱི་སྤྲ་རྫོང་དང་། ཧན་པན། ཧྥུན་ཏིའུ་ལུགས་ཀྱི་གོས་རྒྱན་དང་། དབུས་ཀྱི་ཅང་ཕན་དང་ནན་ཡུལ་ལུགས་ཀྱི་གོས་རྒྱན། ཤར་གྱི་པ་ལེང་དང་། སྒོ་གཡས། ཨུ་བེ། ཁྲ་སྒང་ལུགས་ཀྱི་གོས་རྒྱན། ལྷོའི་ཀོང་པ་དང་། ཆུ་གར་ན་ལུགས་ཀྱི་གོས་རྒྱན། བོད་ཡུལ་ལུགས་ཀྱི་གོས་རྒྱན་བཅས་རིགས་རྣམ་ལྔ་ཡོད་པ་རེད།
ཁྲ་སྒང་གི་གོས་རྒྱན།
འབྲུག་ཆུ་རྫོང་གི་བོད་ཀྱི་གོས་རྒྱན་ནི་རས་དང་འཁལ་འཐག་གཙོ་སྤྱོད་བྱས་ནས་འདྲུབ་ཡོད་པས། འཇང་གི་གོས་རྒྱན་དང་ཧ་ཅང་འདྲ་བ་དང་། གོས་རྒྱན་ལ་རྒྱུ་སྤུས་མཉེན་པོ་དང་། རྣམ་པ་མང་བ། ཚོན་མདངས་བཀྲ་བ། གསེར་དངུལ་གྱིས་རྒྱན་སྤྲས་པའི་ཁྱད་ཆོས་ཡོད། མོ་མང་ཆེ་ཤོས་ཀྱིས་བྲང་ཁ་ལ་དངུལ་དོང་ཞིག་བཏགས་པ་དང་། སྐེད་ལ་ཚོན་སྣ་བདུན་འཛོམས་པའི་སྐེད་རགས་བཅིངས་སྲོལ་ཡོད་པ་རེད།
ངག་རྒྱུན་ལྟར་ན་འབྲུག་ཆུའི་བོད་ཀྱི་མོའི་གོས་རྒྱན་ལ་བོད་བཙན་པོའི་ཕོ་བྲང་གི་ལྷ་ལྕམ་གྱི་གོས་རྒྱན་གྱི་ཁྱད་ཆོས་ལྡན་ཡོད་ཟེར།
བོད་ཡུལ་གྱི་གོས་རྒྱན།
འབྲུག་ཆུའི་བོད་ཀྱི་གོས་རྒྱན་གྱི་ཚོན་མདོག་གི་སྦྱོར་སྟངས་ངོས་ནས་བཤད་ན་ཚོན་སྔོན་པོ་དེ་མི་ཉུང་བ་སྤྱད་ཡོད་པ་དང་། དེ་ནི་བོན་གྱི་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་པ་འདྲ་བྱུང་།
འབྲུག་ཆུའི་བོད་ཀྱི་གོས་རྒྱན།
ཀོང་པ་དང་པ་ལིང་སོགས་ཀྱི་གོས་རྒྱན།
ཨུ་བེའི་གོས་རྒྱན།
ཨུ་བེ་དང་། ཀོང་པ། པ་ལིང་སོགས་ཀྱི་གོས་རྒྱན།
ནན་ཡུལ་གྱི་གོས་རྒྱན།
2016ལོའི་ཟླ་9པའི་ཚེས་2ཉིན་གྱི《བདེ་ཆེན་བོད་ཡིག་ཚགས་པར།》ལས་བཤུས།