༄༅།། ཨ་རིག་གླེན་པའི་གཏམ་རྒྱུད་ཁག་བཞི།

མི་གསལ། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-14


        ཨ་རིག་གི་མིས་པོ་རྣམས་ནི་རང་གཤིས་འཇམ་ཞིང་གཡོ་སྒྱུ་མེད་པ། དད་པ་བརྟན་ཅིང་ཆོས་ལ་གཞོལ་བ་སོགས་ཡ་རབས་ཀྱི་ཡོན་ཏན་མཐའ་དག་ལྡན་པའི་མི་རབས་ཤིག་ཡིན་ལ། ཨ་རིག་ཅེས་པའི་མིང་དེ་བོད་ཁམས་སོ་སོར་ཁྱབ་པར་མ་ཟད། མི་གཤིས་ཀྱི་ཐད་ནས་ཀྱང་ཁ་དཔེ་ལ། གཏམ་དྲང་པོ་དགོས་ན་ཨ་རིག་མི་ལ་དྲིས།། ཤིང་འཁྱོག་པོ་དགོས་ན་རྡོ་རྫོང་ནགས་སུ་ཆས།། ཞེས་དང་། མནའ་ཤག་པོ་ཨ་རིག་ཡུལ་ནས་འཚོལ།། དོན་འགངས་ཆེན་ཐུག་སྐབས་སྤུན་དང་འདྲ།། ཞེས་པའི་བཤད་རྒྱུན་ཡོད། ཨ་རིག་ཅེས་པའི་མིང་ཐོགས་ཚུལ་ཐད་བཤད་ཚུལ་མི་འདྲ་བ་མ་ཡོད་མོད།《ཨ་རིག་གི་ལོ་རྒྱུས་རྨ་ཆེན་གངས་རིའི་ཟེགས་མ།》ལས། སྒའི་རུས་ཀྱི་འབྲོང་བ་རྡོ་རྗེ་ཟེར་བའི་དུད་ཁྱིམ་ཞིག་རྨ་ཆེན་གངས་འདབས་སུ་ཡོད་པ་ལ། འབྲོང་བ་རྡོ་རྗེ་ལོ་རེ་བཞིན་རྨ་ཆེན་གངས་སྐོར་ལ་འགྲོ་བ་དང་། ཁོང་བཟའ་མི་གཉིས་ནས་རྒྱུན་པར་མི་རྒྱུད་དར་ཞིང་སྒོ་ཕྱུགས་འཕེལ་བའི་སྨོན་ལམ་བཏབ། ཐེངས་ཤིག་རྨ་ཆེན་གངས་སྐོར་ལ་འགྲོ་སྐབས་བྲག་ངོས་སུ་ཨ་ཡིག་རང་བྱོན་ཞིག་མཐོང་བ་རྟེན་འབྲེལ་དུ་རྟོགས་པས་རྨ་ཆེན་སྦོམ་རར་བསང་བཏང་། ལོ་དེར་བུ་ཞིག་བཙས་པའི་མིང་ལ་ཨ་རིག་ཅེས་བཏགས། ཨ་རིག་གི་ངག་རྒྱུན་དུའང་། ཡི་གེ་ཀུན་གྱི་མཆོག་གྱུར་ཨ།། བསོད་ནམས་ལྡན་པའི་བུ་ཡིས་རིག། སྒ་བ་རྡོ་རྗེ་དགའ་བ་ལ།། འདི་ཡི་མིང་ལ་ཨ་རིག་འདོགས།། ཞེས་པའི་བཤད་རྒྱུན་བཀོད་ཡོད་དོ།། གཤམ་དུ་བཀོད་པའི་ཨ་རིག་གླེན་པའི་གཏམ་རྒྱུད་དག་གི་ནང་དུའང་ཨ་རིག་གི་མི་ནི་ཆོས་ལ་དད་ཅིང་གཏན་ཚིགས་ལྡན་པས་ཆོས་མགོ་ཐོན་པའི་ལོ་རྒྱུས་བསྟན་ཡོད་ལ། ཡང་རེ་འགའི་ནང་དུ། ཨ་རིག་གི་མི་རྣམས་མཆོག་གསུམ་ལ་འགྱུར་མེད་དད་པ་བརྟན་པོ་ཡོད་པ་དང་། དགོད་བྲོ་བའི་བླུན་རྟགས་དང་། གཤིས་རྒྱུད་དྲང་བའི་མཚོན་དོན་ཡིད་འཕྲོག་པ་བསྟན་ཡོད་པས་ཀློག་མཁན་ཀུན་གྱི་ཡིད་ལ་སྤྲོ་བ་འཕེལ་ཞིང་ལས་ཞོར་གྱི་འཚོ་བ་ཕུན་སུམ་ཚོགས་པར་འགྱུར་བར་སྨོན།
  1. རོང་བྱམས་ཆེན་ལ་ལྷམ་བསྐོན་པ།
        སྔོན་ཨ་རིག་པ་ཞིག་གཙང་ཕྱོགས་སུ་མཇལ་སྐོར་དུ་སོང་སྟེ་རོང་བྱམས་ཆེན་ལ་མཇལ་སྐབས། རོང་བྱམས་ཆེན་ཞབས་རྗེན་ཡིན་པ་མཐོང་སྟེ་ན་རེ། འདི་འདྲའི་གྲང་ངར་ཁྲོད་ཞབས་རྗེན་དུ་འདུག་ག་ལ་བཟོད། རྗེས་མར་ངས་ཁྱོད་ལ་ལྷམ་ཞིག་བཏབ་ནས་ཡོང་ཞེས་ཞབས་ཀྱི་ཆེ་ཆུང་ཞིག་ཚད་རྗེས།རྐང་རྒན་འདི་ལ་གཡག་ཀོ་ཞིག་གིས་ཀྱང་ཐུམ་དཀའ་བར་འདུག་ཟེར་བཞིན་ཨ་མདོར་ལོག དེའི་ལོ་རྗེས་མ་ཞིག་ལ་ལྷམ་ཆ་གཅིག་བཏབ་སྟེ་བྱམས་མགོན་གྱི་མདུན་སར་ཕྱིན་ནས། རྐང་པ་ཡར་ཁྱོགས་དང་ལྷམ་གྱི་ཆེ་ཆུང་ཨེ་འགྲིག་གི་བལྟ་ཞེས་བཤད་པ་ན། བྱམས་མགོན་གྱིས་ཞབས་ཡར་ལ་བཀྱགས་ཏེ་ལྷམ་ཡ་གཅིག་བསྐོན། དེ་ནས་ཡང་ལྷམ་ཡ་གཞན་དེ་སྐོན་སྐབས་དཀོར་གཉེར་ནང་དུ་ཐོན་པས་སྐོན་མ་ཐུབ་པར་ལུས། ལྷམ་ཡ་གཅིག་བསྐོན་ཡོད་པ་དེ་ང་བརྒྱད་ཡར་སྔོན་བར་དུ་དངོས་སུ་མཇལ་རྒྱུ་ཡོད་ཟེར་རོ།།
  2. ལྷ་ལྟོ་རྐྱལ་ཞིག
        སྔོན་ཨ་རིག་གི་རྒན་པོ་ཞིག་ལྷ་སར་མཇལ་དུ་སོང་ནས་ཇོ་བོའི་མདུན་གྱི་མར་མི་ཚེ་འབར་ནང་དུ་མར་ཁུ་ཅུང་ཙམ་རེ་བླུགས་ནས། ཇོ་བོས་ཆོག་གི་ཨེ་གསུངས་པར་སྙམ་ནས་ལྷ་སྐུའི་ཞལ་ལ་བལྟས་ཏེ་ཅུང་བསྡད་ཀྱང་ཇོ་བོས་གསུང་མ་འབྱོན། དེ་ལྟར་ཡང་དང་ཡང་དུ་བླུགས་པས་ཇོ་བོ་རིན་པོ་ཆེ་འཛུམ་བཞིན་ད་ཆོག་གི་ཞེས་གསུངས་པ་ན། རྒན་པོས་འོ་ཅི་འདྲའི་ལྷ་ལྟོ་རྐྱལ་ཞིག ད་མི་ཆོག་རུང་མར་ཁུ་ཚར་འདུག་ཅེས་བཤད་བཞིན་བུད་སོང་ངོ་།།
  3. ཤི་བོའི་མིང་ཡང་ཆུས་ཁུར་སོང་།
        སྔོན་ཨ་རིག་གི་མི་བདུན་ལྷ་སར་མཇལ་སྐོར་དུ་སོང་། ལམ་བར་དུ་ཆུ་བོ་ཆེན་པོ་ཞིག་བརྒལ་ནས་ཕ་རོལ་ཏུ་ཕྱིན་རྗེས།ཁོ་ཚོ་མི་བདུན་པོ་བདེ་འཚམས་ཡིན་མིན་གྱི་རྩིས་ཤིག་བླངས་པ་ན། རྩི་མཁན་གྱིས་རང་ཉིད་མ་བརྩིས་པར་མི་དྲུག་ལས་མེད་ཅེས་བཤད། མི་དྲུག་པོས་ཀྱང་དེ་ལྟར་རྩིས་བླངས་པས། ཁོ་ཚོས་མི་གཅིག་ཆུས་ཁུར་སོང་བར་སྙམ་ནས་མྱ་ངན་ཆེན་པོ་བྱེད་བཞིན་ལྷ་སར་འབྱོར། ལྷ་སར་འབྱོར་རྗེས་ཐོག་མའི་བྱ་བ་ནི་ཤི་བོའི་དགེ་རྩ་ཡིན་པར་སྙམ་སྟེ། རྒྱལ་བ་རིན་པོ་ཆེར་མཇལ་དུ་སོང་ནས། ང་ཚོ་མི་བདུན་ལྷ་སར་མཇལ་སྐོར་དུ་ཡོང་བའི་ལམ་ཁར་མི་གཅིག་ཆུས་ཁུར་སོང་བས། ཁྱེད་ཚང་གིས་བསྔོ་སྨོན་རེ་གསུང་རྒྱུ་མཁྱེན་ཞེས་ཞུས་པར། གོང་ས་མཆོག་གིས། ཚེ་འདས་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་པ་ན། ཁོ་ཚོས་མི་སུ་མེད་པ་མ་ཤེས་པར། གཅིག་གིས་མྱུར་དུ་ཤི་བོའི་མིང་ཡང་ཆུས་ཁུར་སོང་བ་རེད་ཅེས་བཤད། གོང་ས་མཆོག་གིས། ཁྱོད་ཚོའི་ཕོར་པ་རྣམས་མདུན་ཅོག་སྟེང་ལ་བཞག་ནས་ཚང་མས་རྩིས་གསུངས་པར། ཁོ་ཚོས་དེ་བཞིན་བྱས་པས་ཕོར་པ་བདུན་ཡོད་པ་དང་། དེ་ནས་རང་རང་གི་ཕོར་པ་ལེན་དུ་བཅུག་པས་མི་བདུན་པོ་ཚང་བ་ད་གཟོད་ཤེས། ཁོ་ཚོས་རྒྱལ་བ་རིན་པོ་ཆེའི་བྱིན་རླབས་ཀྱིས་ཤི་བོ་ཕྱིར་ཐོན་སོང་བ་རེད་ཅེས་ཟེར་བཞིན་བུད་སོང་ངོ་།།

  4.གྲོག་མའི་སྒོ་ང་ཟ་མི་ཉན་པ་ལོས་ཤེས།
        སྔོན་ཨ་རིག་རྒན་པོ་ཞིག་རོང་ཕྱོགས་ཀྱི་ཁྱིམ་ཚང་ཞིག་ཏུ་སོང་བ་ན། ཁྱིམ་ཚང་དེ་བ་ཚང་གིས་འབྲས་བཙོས་ནས་ཁོ་ལ་བྱིན་པར། ཁོས་ཡུད་ཙམ་ལ་བལྟས་རྗེས། འབྲས་མ་ཟོས་པར་བསྡད། ཁྱིམ་བདག་གིས་ཨ་ཁུ་འབྲོག་པ་འབྲས་སིལ་དེ་ཟོ་དང་ཞེས་བཤད་པ་ན། ང་ཨ་རིག་གླེན་པ་བརྒྱ་ཡིན་རུང་གྲོག་མའི་སྒོ་ང་ཟ་མི་ཉན་པ་ལོས་ཤེས་ཟེར་བཞིན་ཕྱིར་བུད་སོང་ངོ་།།

     《ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས》ལྟར་བསྒྲིགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1