༄༅།། གེ་སར་སྟོང་ཐང་ཆེན་མོའི་བྲིས་ཆ་རྨ་སྨད་ཇོ་རུའི་རྫུ་འཕྲུལ་གྱི་མཛད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-17


 
    དེ་ཡང་རྒྱལ་བ་རིགས་གསུམ་མགོན་པོའི་རྣམ་འཕྲུལ།མཚོ་འཁྲུངས་རིག་འཛིན་པདྨ་ཀ་རའི་འཕྲིན་ལས་ཀྱི་སྤྲུལ་བ།སྒྲུབ་པ་པོ་ཡི་ལྷ་སྐལ་ཁྲི་སྲོང་གཉིས་པ་ཇོ་རུ་ཡིད་བཞིན་ནོར་བུའི་སྐུ་ཡི་མཚན་དཔེ་མི་སྟོན་པར་སྦས་ཚུལ་གྱི་འགྲོ་བའི་དོན་དཔག་ཏུ་མེད་པར་མཛད་པའི་གྲས་ལས་ནག་པོ་རྒྱ་དང་།བལ་ཡུལ།དྲི་ཟའི་ཡུལ།དར་ཡུལ།ཨ་གྲགས་སོགས་སུ་རྫུ་འཕྲུལ་གྱིས་འགྲོ་དོན་མཛད་ཚུལ་འགའ་ཞིག་འགོད་པར་བྱ་བ་ལ།རྨ་སྨད་ཇོ་རུ་རྒྱལ་པོ་ཁོང་། །རྨ་སྲིབ་སྨན་ལུང་རིང་མོར་ཕེབས། །སྡིག་ཆེན་ཤ་ལུས་བླངས་པ་དེ། །འུར་རྡོས་བསྒྲལ་ཏེ་བདེ་འགྲོར་བཀོད། །སྨན་ལུང་རིང་མོའི་ཐང་སྨད་ནས། །ནག་པོ་རྒྱ་ཡི་ཚོང་པ་ཚོས། །ཇོ་རུ་ལམ་ནས་ཕེབས་པའི་ཚེ། །མཐོང་སྣང་འདྲ་མིན་བྱུང་རྐྱེན་གྱིས། །སྟག་འདྲ་གཟིག་འདྲའི་ཁྱི་རྒོད་རྣམས། །ཇོ་རུའི་སྟེང་དུ་བཀྱེས་པའི་ཚེ། །བེར་ཀས་གཡས་སྒྲིལ་གཡོན་སྒྲིལ་བཏང་། ། བྲིས་ཆ།1.ཡུལ་བཀོད་ཅུང་ཟད་རྒྱང་རིང་བ་ལྟར་བྱ་བར་རྨ་སྲིབ་སྨན་ལུང་རིང་མོ་ཞེས་པའི་ས་ཆ་དེར།ཇོ་རུའི་ཚེ་སྔོན་སྐྱེས་བ་བཅུའི་གོང་རོལ་ལས་ཀྱི་འདྲེལ་བའི་སྡིག་པོ་ཆེ་ཞིག་ཡོད་པ་དེ་ཤ་ཕོ་ཆེན་ཞིག་གི་ལུས་བླངས་ཏེ་དུད་འགྲོའི་སྡུག་བསྔལ་དཔག་མེད་མྱོང་ནས་ཡོད་པར།ཇོ་རུས་དེ་བདེ་འགྲོ་ལྷ་མིའི་གོ་འཕང་དུ་འགོད་པར་དགོངས་ཏེ་ས་ཆ་དེར་ཕེབས་པ་ན།སྡིག་ཆེན་དུད་འགྲོའི་ལུས་སུ་ཡོད་པའི་ཤ་ཕོ་ཆེན་དེ་ཤིང་ཆུང་མང་པོའི་གསེབ་ཏུ།སེམས་ལ་འཇིགས་སྐྲག་སྣ་ཚོགས་དང་བཅས་རྩྭ་ཆུའི་འཚོ་བ་ལ་བརྟེན་ཏེ་འཚོ་བཞིན་ཡོད་སྐབས།2.ལྷ་སྲས་ཇོ་རུས་དབུ་ལ་རྒོ་ཕོའི་ཅོག་ཞྭ་དང་།སྐུ་ལ་བེའུ་རྩགཞབས་ལ་རྟ་ལྷམ་དམར་སུག་བཅས་སྐུ་ཆས་སྔར་ལྟར་དང་།ཐུགས་ལ་སྙིང་རྗེ་ཚད་མེད་པ་ཞིག་སྐྱེས་ཏེ་འུར་ཁྲག་འཐུང་མའི་སྟེང་དུ་རྡོ་དཀར་མི་མགོ་ཙམ་ཞིག་བཞག་སྟེ་འཕངས་པས།ཤ་ཕོ་དེའི་རྩིབ་ལོགས་ལ་ཐེབས་ནས་བསད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །3.ཡུལ་བཀོད་ཅུང་ཟད་ཉེ་རྒྱུད་ལྟར་བྱ་བའི་ཐང་ཆེན་དེའི་སྨད་དུ་ནག་པོ་རྒྱ་ཡི་ཚོང་པ་དཔོན་གཡོག་སུམ་ཅུ་ཙམ་གྱིས་ཅ་དངོས་གསེར་དངུལ་དང་དར་ཟབ་ཇ་རིགས་བཅས་སྒར་དཀྱིལ་དུ་བརྩིགས་ཤིང་།ཉེ་འགྲམ་དུ་ཚོང་དཔོན་གྱི་དབུ་གུར་དང་།གཡས་གཡོན་དུ་ལག་དོ་རྣམས་ཀྱི་ཉལ་གུར།མདུན་དུ་ཇ་ཐབ་ཀྱི་གུར་བཅས་ཁྲ་སྤུངས་སེ་ཡོད་ཚུལ་གྱི་རྣམ་པ་སོགས་དང་།རྩྭ་ཐང་དུ་རྟ་དྲེལ་སུམ་བརྒྱ་ཙམ་གྱིས་གང་བ།ཇ་རླངས་ཀྱི་དུ་ཞགས་འཁྲིགས་སེ་ཡོད་པའི་ཇ་ཐབ་ཀྱི་རྒྱུད་དེར་ལག་དོ་འགའ་ཞིག་གིས་བཟའ་ཆས་སོགས་སྒྲིག་ནས་ཡོད་སྐབས།ཇོ་རུས་ཕར་ཐད་ཙམ་ནས་ཤ་པགས་ཕྲག་ཏུ་བཀལ།ཤ་རྭ་རྒྱབ་ཏུ་ཁུར་ཏེ་འབལ་ལེ་འབོལ་ལེ་བྱེད་ནས་ཡོང་བཞིན་ཡོད་པ་ཁོ་ཚོས་མཐོང་ནས་ཧབ་ཆ་དི་རེ་བརྙས་སྨད་དང་མཐོང་ཆུང་ཚད་མེད་བྱས་པར་མ་ཟད།ལག་དོ་འགའ་རེས་ཁྱི་རྒོད་སྟག་འདྲ་གཟིག་འདྲ་དོམ་འདྲ་སོགས་བཅུ་ཐམ་པ་ཇོ་རུའི་ཐོག་ཏུ་མངགས་ཏེ།4.ཁྱི་རྒོད་སྟག་འདྲ་གཟིག་འདྲ་ཚོས་ཇོ་རུ་ཕར་འཐེན་ཚུར་འཐེན་བྱས་ནས་བྱུང་སྐབས།ཇོ་རུས་ཁྱི་འགའ་རེ་ལ་བེར་ཀས་བརྒྱབ་སྟེ་གཡས་སྒྲིལ་གཡོན་སྒྲིལ་དུ་བཏང་ནས་ཡོད་ཚུལ་གྱི་རྣམ་པ་སོགས་ཀྱང་འབྲི་བར་བྱའོ། །ལྡེབ་125_144  རྒྱ་ཡི་ཚོང་པ་དཔོན་གཡོག་གིས། །ལྷ་སྲས་ཇོ་རུ་རྡོ་རུབ་བཏང་། །ཚོང་དཔོན་གྱད་ཆེན་རལ་གྲི་ཡིས། །ཇོ་རུའི་སྐུ་ལུས་དུམ་བཞིར་བཟོས། །ཇོ་རུའི་སྤྲུལ་པ་ཇོ་རུ་བཞིས། །ལག་དོ་བརྒྱད་ཙམ་བེར་ཀས་སྒྲིལ། །ཇོ་རུས་རྫུ་འཕྲུལ་སྣ་ཚོགས་བསྟན། །ཚོང་པ་རྣམས་ཀྱིས་འགྱོད་བཤགས་དང་། །ཇོ་རུ་ཁྲི་ལ་མངའ་གསོལ་བྱས། ། བྲིས་ཆ།༡ཡུལ་བཀོད་ཅུང་ཟད་རྒྱང་རིང་བ་ལྟར་བྱ་བའི་རྨ་སྲིབ་སྨན་ལུང་རིང་མོའི་ས་ཆ་དེར་བབས་པའི་ནག་པོ་རྒྱ་ཡི་ཚོང་སྒར་དེ་ལས།རྒྱ་ཡི་ཚོང་དཔོན་གྱད་ཆེན་མཆོག་རབ་ཅེས་པ་དེ་ཇོ་རུའི་ཐོག་ཏུ་ཞེ་སྡང་མེ་ལྟར་འབར་ཏེ།ལུས་ལ་ཆུ་ཆེན་ནམ་མཁའི་རང་མདངས་ཀྱི་ལྭ་བ་གྱོན།ཞྭ་མོ་པདྨ་འདབ་བཞི་ལ་མདངས་ལྡན་རྨ་བྱའི་སྒྲོ་ཐུར་བཙུགས་ཏེ་མགོ་ལ་གྱོན།ཤང་གྲི་ཤེལ་འོད་རང་འབར་དེ་ཀླད་ལ་བསྐོར་ཏེ་ཇོ་རུ་ལ་ལན་འགའ་བཏབ་ནས་སྐུ་ལུས་དུམ་བུར་བཞིར་བགོས་པ་ན།༢དུམ་བུར་རེ་ལས་འོད་ཟེར་རེ་འཕྲོས།འོད་ཟེར་རེའི་རྩེ་ལ་ཇོ་རུ་རེ་སྤྲུལ།ཇོ་རུ་རེའི་ལག་ཏུ་བེར་ཀ་རེ་བཟུང་ནས་ཇོ་རུ་རེ་རེས་ལག་དོ་གཉིས་རེ་གཡས་སྒྲིལ་གཡོན་སྒྲིལ་དུ་བཏང་ནས་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །༣ཕྱོགས་གཅིག་ནས་རྒྱ་ནག་གི་ཚོང་པ་རྣམས་ཇོ་རུའི་རྫུ་འཕྲུལ་ལ་ཧ་ལས་ཏེ་སྙིང་ནས་འགྱོད་བཤགས་དང་།ཁོ་ཚོས་ཇོ་རུ་ཚོང་དཔོན་གྱི་དབུ་གུར་དུ་གདན་དྲངས་ཏེ་ཁྲི་ལ་མངའ་གསོལ་དང་ནོར་དངོས་མང་པོ་ཕུལ་ཏེ་ཡོད་ཚུལ་གྱི་རྣམ་པ་དང་།ཇོ་རུས་རྒྱ་ནག་གི་ཚོང་པ་དཔོན་གཡོག་དེ་དག་ལ་གསུང་མཆོག་ཡི་གེ་དྲུག་མའི་སྒོམ་བཟླས་སོགས་ཀྱི་ཆོས་འཁོར་བསྐོར་ཏེ་ཡོད་ཚུལ་གྱི་རྣམ་པ་བཅས་འབྲིའོ། །4.དེ་ནས་སྐབས་དེར་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་པའི་དབུས་སུ་རྒྱལ་བ་རིགས་གསུམ་མགོན་པོ་མངོན་སུམ་དུ་བྱོན་ནས་བཀྲ་ཤིས་པའི་མེ་ཏོག་གི་ཆར་འབེབས་བཞིན་ཡོད་ཚུལ་གྱི་རྣམ་པ་སོགས་ཀྱང་འབྲི་བར་བྱའོ། །ལྡེབ་144_161 རྨ་སྨད་མཁའ་འགྲོ་འདུ་གླིང་དུ། །ལྷ་སྲས་ཇོ་རུ་རིན་པོ་ཆེ། །ཨ་མའི་སྐུ་གམ་བཞུགས་པའི་ཚེ། །རྗེ་བཙུན་འཕགས་མ་སྒྲོལ་མ་ཡིས། །ཇོ་རུ་མི་མིན་འདྲེ་ཡུལ་དུ། །རོ་ལངས་འདུལ་བར་ཕེབས་དགོས་གསུངས། །འགོག་བཟས་ལྷ་སྲས་ཇོ་རུ་ལ། །ཕེབས་སྐྱེལ་བཀྲ་ཤིས་རྟེན་འདྲེལ་ཞུས། །ཇོ་རུ་ཕེབས་པའི་ལམ་བར་ནས། །ཀླུ་གདོན་གནོད་སྦྱིན་རྒོད་མ་ཁའི། །ཆོ་འཕྲུལ་ཡེ་ཤེས་མེ་ཡིས་བསྲེགས། ། བྲིས་ཆ། 1.ཡུལ་བཀོད་ཅུང་ཟད་ཉེ་རྒྱུད་ལྟར་བྱ་བའི་རྨ་སྨད་མཁའ་འགྲོ་འདུ་གླིང་དུ་འགོག་བཟའི་སྦྲ་ཆུང་གཡང་འཁྱིལ་མའི་ནང་རོལ་ཏུ།ལྷ་སྲས་ཇོ་རུས་མ་འགོག་མོ་ལ་གསུང་གླེང་ལྷ་ཡི་རོལ་མོ་དཀྲོལ་ཏེ་བཞུགས་སུ་གསོལ་བ་ན།མ་འགོག་མོས་དཀར་ཡོལ་བཀྲ་ཤིས་ཡུ་རིང་ཞིག་ཏུ་ཞིམ་མངར་ཞོ་ཡིས་བཀང་སྟེ་བཀྲ་ཤིས་སྨོན་ལམ་དང་བཅས་ཇོ་རུ་ལ་དྲངས་ནས་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །2.མདུན་གྱི་ནམ་མཁའི་གནས་སུ་འཇའ་ཟེར་ཐིག་ལེ་འོད་ཕུང་གི་ཀློང་ནས་ཡི་དམ་རྗེ་བཙུན་སྒྲོལ་མས་ལྷ་སྲས་རིན་པོ་ཆེ་ལ་དྲི་ཟའི་ཡུལ་གྱི་རོ་ལངས་གདུལ་རྒྱུའི་ལུང་བསྟན་གནང་བཞིན་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །3.ཡུལ་བཀོད་ཅུང་ཟད་རྒྱང་རིང་བ་ལྟར་བྱ་བའི་རྣམ་པ་དང་།ལྷ་སྲས་ཇོ་རུ་དྲི་ཟའི་ཡུལ་དུ་ཕེབས་པའི་ལམ་བར་ཀླུ་གདོན་གནོད་སྦྱིན་རྒོད་མ་ཁ་སོགས་ཀྱིས་ཆོ་འཕྲུལ་སྣ་ཚོགས་བསྟན་ཏེ་བར་ཆད་རྩོམ་པ་ན།ཇོ་རུས་བེར་ཀ་གནམ་དང་སར་བསྐོར་ཏེ་གཡུག་པས་ས་གཞི་ཐམས་ཅད་མེ་ཕུང་གི་རྣམ་པ་རུ་གྱུར་སྐབས།4.འབྲུག་མགོ་སྦྲུལ་མཇུག་ཅན་གྱི་རྣམ་པ་དང་ལྡན་པའི་ཀླུ་གདོན་དེ་དང་།གཞན་ཡང་བཙན་དང་རྒྱལ་འགོང་།འདྲེ་ཐེའུ་རང་སོགས་ཆོ་འཕྲུལ་ཅན་རྣམས་རང་དབང་མེད་པར་ཡེ་ཤེས་ཀྱི་མེས་བསྲེགས་པར་མཛད་ནས་ཡོད་ཚུལ་གྱི་རྣམ་པ་སོགས་ཀྱང་འབྲི་བར་བྱའོ། །ལྡེབ་162_188 ཇོ་རུ་དྲི་ཟའི་ཡུལ་གྲུ་ཀུན། །ཕེབས་ཏེ་ཐབས་དང་རྫུ་འཕྲུལ་གྱིས། །བདུད་འདྲེ་ཕོ་མོ་རོ་ལངས་སོགས། །ཐུགས་རྗེས་བསྒྲལ་འདྲེན་མཛད་པའི་ཚེ། །སྲོག་སྙིང་ཕུལ་བའི་འགྲོ་བ་རྣམས། །བསྟན་པ་བསྲུང་བར་གཉེར་དུ་གཏད། །བར་དོའི་འགྲོ་བ་དཔག་མེད་དང་། །འབྱུང་པོ་ཡི་དྭགས་ལ་སོགས་པ། །རྫོགས་མེད་ཐར་བའི་ལམ་ལ་བཀོད། །སྤྲུལ་བའི་གིང་ཆེན་རྣམ་བཞི་ཡིས། །གཏེར་གྱི་རིགས་རྣམས་བཏོན་ཏེ་ཕུལ། ། བྲིས་ཆ།1.ཡུལ་བཀོད་ཅུང་ཟད་རྒྱང་རིང་བ་ལྟར་བྱ་བའི་མི་མིན་དྲི་ཟའི་ཡུལ་གྱི་ས་ཆ་སྟེ།ས་ཆ་དེའི་འདྲེ་སྲིན་གདུག་པ་ཅན་རྣམས་ཀྱིས་ཇོ་རུ་རྫུ་འཕྲུལ་གྱིས་ཕེབས་ཡོད་པ་ཤེས་ཏེ།ཡུལ་དེའི་ཕོ་འདྲེ་ཞེ་སྡང་སྦྲུལ་གྱི་མགོ་ཅན་དང་།མོ་འདྲེ་འདོད་ཆགས་བྱའི་མགོ་ཅན།རྒྱལ་འདྲེ་གཏི་མུག་ཕག་གི་མགོ་ཅན་སོགས་བདུད་འདྲེ་བགྲང་ལས་འདས་པ་རྣམས་ཀྱིས་ལག་ཏུ་མཚོན་ཆ་སྣ་ཚོགས་ཐོགས་ཏེ།ཇོ་རུའི་གདོང་དུ་ཆས་ཏེ་གཡུལ་འཐབ་པ་ན།ཇོ་རུས་བེར་ཀ་སྐོར་གཡུག་དུ་མ་མཛད་པས་སེམས་ལྡན་འདྲེ་དང་དམ་སྲི་སོགས་དང་།སེམས་མེད་ནགས་ཚལ་ས་རྡོ་དང་བཅས་པ་ཡེ་ཤེས་ཀྱི་མེས་བསྲེགས་པར་མཛད་ནས་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །2.ཕྱོགས་གཅིག་ནས་ཇོ་རུས་སྲིན་རྒྱལ་ཡཀྴ་ཐོད་ཕྲེང་ལ་སྤྲུལ་ཏེ་བྲག་རྡོ་ཆེན་པོ་ཞིག་གི་ཐོག་ཏུ་བྱམས་བཞུགས་ཤིག་མཛད་དེ།ཡུལ་དེའི་རོ་ལངས་ཕོ་མོ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཡོད་ཚུལ་གྱི་རྣམ་པ་སོགས་དང་།སྲིན་རྒྱལ་དེའི་འཁོར་དུ་རོ་ལངས་ཕོ་མོ་རྣམས་ལུས་དམར་ཧྲེང་ངེ་བ་ཡོད་པ།ལག་ན་མི་སྙིང་དང་།རྒྱུ་ཞགས།ཐོད་ཁྲགཞིང་ལྤགས་བཅས་ཐོགས་ཤིང་།ལ་ལའི་ཁ་ནས་མེ་འབར་བ།ལ་ལའི་ཁ་ནས་ཆུ་འབབ་པ།ལ་ལའི་ཁ་ནས་དུག་རླངས་འཐིབ་སྟེ་ཡོད་པའི་རོ་ལངས་འབུམ་ཕྲག་དུ་མས་བསྐོར་ནས་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །3.སྤྲུལ་བའི་སྲིན་རྒྱལ་དེའི་མདུན་གྱི་ནམ་མཁའ་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་པའི་དབུས་སུ་འགྲོ་འདུལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་ཆུང་ངུ་ཞིག་བྱོན་ནས་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །4.སྤྲུལ་བའི་སྲིན་རྒྱལ་དེའི་རྒྱབ་ཕྱོགས་ཀྱི་བྲག་རི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་གི་དབྱིབས་དོད་པ་ཞིག་གི་སྒོ་ཆེན་གྱི་འགྲམ་ནས།གིང་ཆེན་དཔའ་བོ་བཞིའི་རང་རང་གིས་གཏེར་ནས་བཏོན་པའི་ཐོད་པའི་དུང་ཕྲེང་ཆ་གསུམ་དང་། རིན་པོ་ཆེ་ཡི་རྒྱན་དྲུགགཡུ་ཡི་ཐོད་པ་མེ་འབར་གཅིགབཻཌཱུརྱ་ཡི་དོ་ཤལ་གཅིགན་ཆུང་གི་རྐང་གླིང་ཆ་གསུམ།མཚལ་གྱི་གྲི་རྐང་ཆ་བདུན།ཟངས་ཀྱི་ཐོད་པ་འོད་འབར་གཅིགགསེར་གྱི་མཎྜལ་གཅིགམ་གད་ནག་པོའི་གྲི་གུག་གཅིག་བཅས་སོ་སོས་སྤྲུལ་བའི་སྲིན་རྒྱལ་གྱི་མདུན་དུ་ཕུལ་ཏེ་ཡོད་ཚུལ་གྱི་རྣམ་པ་སོགས་ཀྱང་འབྲི་བར་བྱའོ། །ལྡེབ་188_203ལྷ་སྲས་ཇོ་རུ་རྒྱལ་པོ་དེ། །རྫུ་འཕྲུལ་སྟོབས་ཀྱིས་བལ་ཡུལ་གྱི། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཕེབས། །ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །བལ་ཡུལ་མཆོད་རྟེན་རྣམ་གསུམ་ལ། །གསེར་གྱི་ན་བཟའ་གསོལ་བ་དང་། །བལ་རྒྱལ་ནད་ལས་གྲོལ་ཐབས་སོགས། །མཁྱེན་ཏེ་འཚོ་བྱེད་གཞོན་ནུར་སྤྲུལ། །འཆི་ནད་ཐེབས་པའི་འགྲོ་བ་འགའ། །སྨན་བཅོས་མཛད་དེ་ནད་ལས་གྲོལ། །སྙན་གྲགས་ཕྱོགས་མཐའ་ཀུན་ལ་ཁྱབ། ། བྲིས་ཆ།1.ཡུལ་བཀོད་ཅུང་ཟད་རྒྱང་རིང་བ་ལྟར་བྱ་བའི་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་སྟེ།གནས་མཆོག་དེར་ཇོ་རུ་རྫུ་འཕྲུལ་གྱིས་ཕེབས་ཏེ་ཚོགས་འཁོར་ཕུལ་བ་དང་།སྐུ་དྲང་པོ་བསྲངས་ཤིང་ཞལ་ནམ་མཁར་གཟིགས་ནས་ཡོད་སྐབས།2.བྲག་ཕུག་དེའི་ཡར་ཀླད་བར་སྣང་འཇའ་སྤྲིན་གྱི་ཕུང་པོ་གཏིབས་པའི་དབུས་ནས་ཕུར་པ་རྡོ་རྗེ་གཞོན་ནུའི་ཞལ་མངོན་སུམ་དུ་གཟིགས་ཤིང་།སྐུ་གསུང་ཐུགས་སོགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་ཇོ་རུའི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཏུ་ཐིམ་ནས་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །3.ཡུལ་བཀོད་ཅུང་ཟད་ཉེ་རྒྱུད་ལྟར་བྱ་བའི་གྲོང་ཚོ་ཞིག་གི་ཚུར་ངོས་སྤང་རིར་ལབ་རྩེ་ཡོད་པ་ཞིག་གི་ཐོག་ནས་མི་མང་པོས་ལྷ་བསང་ཕུལ་ཏེ་ཀི་བསྭོ་ལྷ་རྒྱལ་བཏང་ནས་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །4.ཕྱོགས་གཅིག་ནས་ཇོ་རུས་འཚོ་བྱེད་གཞོན་ནུ་དམ་པ་ལ་སྤྲུལ་ཏེ་བཞིན་རས་དཀར་ལ་ཅུང་ཟད་སྨུག་འཛུམ་ཅན།དབུ་ཡི་ལྕང་ལོ་ཐོར་ཚུགས་སུ་བཅིངས་པ།དར་དཀར་གྱི་བེར་རྐྱང་སྐུ་ལ་གསོལ་བ།གྲུམ་པའི་ལྤགས་ཀྱི་བཟོས་པའི་སྨན་ཁུག་གཡས་སུ་བཞག་སྟེ་ཡུལ་སྡེ་དེའི་འགྲོ་བ་ནད་ཀྱིས་གདུང་བ་དུ་མ་ལ་སྨན་བཅོས་མཛད་ནས་ཡོད་ཚུལ་གྱི་རྣམ་པ་སོགས་ཀྱང་འབྲི་བར་བྱའོ། །ལྡེབ204_222 སྨན་དང་སྐུ་རིམ་གང་བྱས་ཀྱང་། །མ་ཕན་ལོ་ཟླ་དུ་མ་ལ། །ནད་ཀྱིས་མནར་བའི་བལ་རྒྱལ་གྱིས། །འཚོ་བྱེད་དྲངས་ཏེ་སྨན་བཅོས་བྱས། །འཆི་བའི་ནད་ལས་གྲོལ་བར་གྱུར། །རྒྱལ་པོའི་གཡང་མཛོད་གོང་མ་ནས། །འཛམ་བུའི་ཆུ་གསེར་བླངས་ཏེ་ཕུལ། །རྒྱལ་བའི་ཐུགས་རྟེན་རྣམ་གསུམ་ལ། །ན་བཟའ་ལེགས་པར་ཕུལ་བ་སོགས། །བསྟན་འགྲོའི་དོན་ཆེན་གྲུབ་པའོ། ། བྲིས་ཆ།1.ཡུལ་བཀོད་ཅུང་ཟད་རྒྱང་རིང་བ་ལྟར་བྱ་བའི་བྷ་ས་ཏའི་དུར་ཁྲོད་ཅེས་པ་སྟེ།དེར་སྤྲུལ་བའི་འཚོ་བྱེད་དམ་པ་རྫུ་འཕྲུལ་གྱིས་ཕེབས་ཏེ་ཞབས་སྐྱིལ་ཀྲུང་དང་།ཕྱག་མཉམ་གཞགསྐུ་དྲང་པོ་བསྲང་བ།མགྲིན་པ་ཅུང་ཟད་གུད་པ།དཔུང་པ་རྒོད་གཤོག་ལྟར་བརྒྱང་པ།མིག་སྣ་རྩེར་ཕབ་པ།ལྕེ་རྩེ་ཡ་རྐན་ལ་སྦྱར་བ་སྟེ་ལུས་རྣམ་སྣང་ཆོས་བདུན་མཛད་དེ་བཞུགས་ཡོད་སྐབས།ཁོང་གི་གཡས་གཡོན་སོགས་ནས་དུར་བྱ་དང་།རོ་ཟན་གྱི་ཁྱི་མང་པོས་དད་པའི་རྣམ་པ་ལྟར་ཡོད་ཚུལ་དང་།དེའི་མདུན་དུ་བལ་རྒྱལ་སེང་གེ་སྒྲས་ཆེད་དུ་འཚོ་བྱེད་གདན་དྲངས་པ་ལ་མངགས་པའི་རང་གི་ཚ་མོ་དང་།གསོལ་དཔོན་གཉིས་ཡོད་པ་ལ།ཚ་མོ་བྱང་ཆུབ་སྒྲོལ་མ་ཞེས་པས་དང་དད་ཆེན་པོའི་སྒོ་ནས་ཕྱག་འཚལ་ཞིང་གསེར་དང་མཇལ་དར་སོགས་ཕུལ་ཏེ་ཡོད་ཚུལ་གྱི་རྣམ་པ་དང་།འདི་ཇོ་མོ་ཡིན།གསོལ་དཔོན་ཤེས་རབ་ཟླ་ཁྲི་ཞེས་པས་གུས་བཀུར་ཙམ་ཡང་མེད་པ་དགོད་འཛུམ་འཛུམ་གྱིས་རང་མོས་སུ་བསྡད་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།2.ཡུལ་བཀོད་ཉེ་རྒྱུད་ལྟར་བྱ་བའི་བལ་རྒྱལ་གྱི་སྐུ་མཁར་ཟུར་མཐོང་ཙམ་ཡོད་པའི་ནང་རོལ་གོས་ཆེན་གྱི་ཡོལ་བ་ཡོད་པའི་ཙད་དན་དམར་པོའི་བཞུགས་ཁྲི་ཞིག་ཏུ།བལ་རྒྱལ་སེང་གེ་སྒྲ་ཞེས་པ་དེ་སྐུ་བསྙུན་ནས་ཡུན་རིང་ལོན་ཞིང་ཉལ་སྟབས་སུ་ཡོད་ཚུལ་གྱི་རྣམ་པ་དང་།འཚོ་བྱེད་དམ་པས་རྒྱལ་པོའི་སྐུ་རྩ་ལ་གཟིགས་ནས་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །3.ཕྱོགས་གཅིག་ན་བལ་རྒྱལ་སེང་གེ་སྒྲ་ནད་ལས་གྲོལ་ཏེ་སྐུ་འཁོར་མང་ཙམ་བལ་ཡུལ་རྒྱལ་བའི་ཐུགས་རྟེན་རྣམ་གསུམ་གྱི་དྲུང་དུ་ཕེབས་ནས་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ་ཏེ་ཡོད་ཚུལ་གྱི་རྣམ་པ་དང་།ཕྱོགས་གཅིག་ནས་སྤྲུལ་བའི་འཚོ་བྱེད་དམ་པ་དེས་བལ་པོ་རྒྱལ་པོས་གནང་བའི་འཛམ་བུའི་ཆུ་གསེར་དམར་སེར་ཁྱིམ་བྱའི་སྒོ་ང་ཙམ་ཡོད་པ་དེ་མཁའ་འགྲོ་མ་ལས་ཀྱི་དབང་མོའི་དབུ་ཐོད་དུ་བཞག་སྟེ་གསེར་ཆུ་བཟོས།སྐུ་ནམ་མཁའ་ལ་འཕགས་ཏེ་རྒྱལ་བའི་ཐུགས་རྟེན་རྣམ་གསུམ་ལ་རྫུ་འཕྲུལ་གྱིས་ན་བཟའ་ཕུལ་ཏེ་ཡོད་སྐབས།4.སངས་རྒྱས་གསེར་ཐུབ་དང་།འོད་སྲུང་།ཤཱཀྱ་ཐུབ་པ།བྱམས་པ་མགོན་པོ་སོགས་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས།ཐུགས་རྟེན་རྣམ་གསུམ་ཇི་སྲིད་བསྐལ་པ་མ་སྟོངས་བར་དུ་རབ་ཏུ་གནས་པར་མཛད་དེ་བྱིན་གྱིས་བརླབས་པ་དང་བཀྲ་ཤིས་པའི་མེ་ཏོག་གི་ཆར་འབེབས་ཀྱིན་ཡོད་ཚུལ་གྱི་རྣམ་པ་སོགས་ཀྱང་འབྲི་བར་བྱའོ། །ལྡེབ་222_261 དར་རྗེ་ཡབ་དང་ཡུམ་གཉིས་ལ། །མཁའ་འགྲོའི་མཚན་ཅན་བུ་མོ་འཁྲུངས། །ཇོ་རུ་བྱ་བྲལ་རྣལ་འབྱོར་སྤྲུལ། །སྒོ་ཁར་ཕེབས་ནས་སློང་མོ་དང་། །རྫུ་འཕྲུལ་སྟོན་ཅིང་གཡོག་མོ་བརྡུང་། །དཔའ་བོ་སེང་གེ་དགྲ་འདུལ་སོགས། །སྒོ་རྩར་རྒྱུག་ནས་བལྟས་ཙ་ན། །དད་པ་སྐྱེས་ནས་ནང་དུ་དྲངས། །དྭགས་ཀོང་འཕན་གསུམ་ཇག་པ་ཚོས། །རྒྱལ་རོང་བླ་གྲྭ་བཞི་བཅུ་བཀྲོངས། ། བྲིས་ཆ།1.ཡུལ་བཀོད་ཅུང་ཟད་རྒྱང་རིང་བ་ལྟར་བྱ་བའི་དར་ཡུལ་སྟོད་ཀྱི་ས་ཆ་ཞེས་པ་དང་།ས་ཆ་དེར་འབྲོག་དུད་ཁ་ཤས་ཡོད་པའི་སྦྲ་ཆེན་ཞིག་གི་ཕར་ཐད་ཙམ་ནས།2.ཇོ་རུས་རྣལ་འབྱོར་པ་ཞིག་ལ་སྤྲུལ་ནས་སློང་མོ་མཛད་པས།གཡོག་མོས་ཞོ་འབྲོང་རྭ་གང་དང་ཕྱེ་སྡེར་མ་གང་བྱིན་པ་ན།རྣལ་འབྱོར་པ་དེས་དོན་གང་ཡང་མེད་པ་ལམ་སང་ཁྲོས་པའི་ཚུལ་མཛད་དེ་ཞོ་འབྲོང་རྭ་གང་དེ་རྡོ་ལ་བརྒྱབ།ཕྱེ་སྡེར་མ་གང་དེ་ནམ་མཁའ་ལ་གཏོར།གཡོག་མོ་དབྱུག་པས་བྲབས་ཏེ་མོ་ངུ་དགོས་པ་ཞིག་བཟོས་ནས་ཡོད་ཚུལ་གྱི་རྣམ་པ་སོགས་དང་།3.ཡུལ་བཀོད་ཅུང་ཟད་ཉེ་རྒྱུད་ལྟར་བྱ་བའི་རི་འབུར་ཞིག་གི་འགྲམ་ནས་དར་རྗེ་ཉི་མ་ཁྲི་བཙུན་གྱི་བློན་པོ་སེང་གེ་དགྲ་འདུལ་དང་།གནམ་ལྷ།སྐལ་བཟང་གསུམ་གྱིས་ལག་ཏུ་མདུང་རེ་བཟུང་སྟེ་གཡོག་མོའི་རྒྱབ་སྐྱོར་དུ་སླེབས་པ་ན།སྤྲུལ་བའི་བྱ་བྲལ་དེ་ཐུགས་ལྷོད་སེ་བཞུགས་ནས་འབྲོང་རྭའི་ཁ་ནས་ཞོ་རྣམས་ཕྱི་ཕོར་བར་བླུག་པ་དང་ཕྱེ་སྡེར་ཡང་འཁྲིས་སུ་བཞག་ཅིང་ཞོ་ཕུད་ལྷ་ལ་མཆོད་ནས་ཡོད་པ་ལ།ཁོང་གསུམ་གཡོག་མོ་ལ་ཐེ་ཚོམ་དང་།རྣལ་འབྱོར་པ་ལ་དད་པ་སྐྱེས་ནས་གུས་གུས་ལྟར་བྱེད་ཀྱིན་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །4.ཡུལ་བཀོད་རྒྱང་རིང་བ་ལྟར་བྱ་བའི་རྣམ་པ་དང་།དེ་ནས་དྭགས་ཀོང་འཕེན་གསུམ་གྱི་ཇག་དཔོན་གསུམ་གྱིས་ཇག་དམག་མང་པོ་ཁྲིད་དེ་དགྲ་ཇག་ཏུ་ཆས་པའི་ལམ་བར།རྒྱལ་རོང་གི་བླ་གྲྭ་བཞི་བཅུ་ཙམ་ཞང་ཞུང་གི་ཡུལ་དུ་ཆོས་ཞུ་འགྲོ་བ་རྣམས་དང་འཕྲད་དེ།ཇག་པ་ཚོས་མདའ་རྡོ་ཅི་རིགས་བརྒྱབ་སྟེ་བསད་བཅོམ་ཚད་མེད་བྱེད་ཀྱིན་ཡོད་ཚུལ་གྱི་རྣམ་པ་སོགས་ཀྱང་འབྲི་བར་བྱའོ། །ལྡེབ་262_272 དར་ཡུལ་སྤང་དཀར་ར་བ་ནས། །དར་རྗེའི་སྐུ་མཁར་ཇག་པས་བསྐོར། །དམག་མང་ཆག་ཉིལ་བཏང་བའི་ཚེ། །ཇོ་རུའི་སྤྲུལ་བའི་བྱ་བྲལ་དེས། །ཇག་བདུད་འདུལ་བའི་དུས་ཁེལ་ནས། །དྭགས་ཀོང་འཕན་གསུམ་ཇག་དཔོན་གསུམ། །ལྕང་དཀར་བེར་ཀས་ཀླད་ཁྲག་གཏོར། །ཇག་དམག་རྣམས་ཀྱིས་མགོ་བཏགས་ཞུས། །དབྱིངས་ནས་ལྷ་ཡིས་མེ་ཏོག་འཐོར། ། བྲིས་ཆ།1.ཡུལ་བཀོད་ཅུང་ཟད་ཉེ་རྒྱུད་ལྟར་བྱ་བའི་གོང་བཀོད་དར་ཡུལ་སྟོད་ཀྱི་ས་ཆ་དང་།ས་ཆ་དེར་དར་རྗེ་ཉི་མ་ཁྲི་བཙུན་གྱི་སྐུ་མཁར་མདུང་རྩེ་ཞེས་པ་དེ་ཟུར་མཐོང་ཙམ་གྱི་རྣམ་པ་དང་།དེའི་ཐད་ནས་དྭགས་ཀོང་འཕེན་གསུམ་གྱི་ཇག་པ་དཔོན་གཡོག་ཚོས་དར་དམག་དང་ཕན་ཚུན་གཡུལ་འཁྲུག་དྲག་པོ་བྱེད་ཀྱིན་ཡོད་སྐབས།2.མི་རོ་རྟ་རོ་མང་པོའི་བར་གསེབ་ནས་ཀོང་བདུད་དོམ་བུ་སྙིང་དཀར་དང་།དྭགས་པོའི་མི་ནག་དཔའ་རྒྱལ།འཕེན་བདུད་སྟག་མོ་ཤ་གཟན་ཏེ་ཇག་དཔོན་གསུམ་གྱིས་རལ་གྲི་དང་མདའ་མདུང་སོགས་ཀྱིས།དར་བློན་གདོང་ཚ་དང་།གནམ་ལྷ།ཀརྨ།ཉི་མ་སོགས་བཀྲོངས་བྱུང་བ་ན།3.སྤྲུལ་བའི་བྱ་བྲལ་དེས་ལྕང་དཀར་བེར་ཀ་གཡུག་སྟེ་བདུད་ཕྲུག་གསུམ་དུས་གཅིག་ཏུ་ཀླད་ཁྲག་བསྲེས་ནས་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །4.སྐབས་དེར་ནམ་མཁའ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་དང་།གུར་གྱི་མགོན་པོ་སོགས་ཀྱིས་ལྷ་རྒྱལ་བསྐུལ་བའི་སྒྲ་ཆེན་པོ་དང་མེ་ཏོག་གི་ཆར་འབེབས་ཏེ་ཡོད་ཚུལ་གྱི་རྣམ་པ་སོགས་ཀྱང་འབྲི་བར་བྱའོ། །ལྡེབ་272_305 དར་རྗེ་སྐུ་འཁོར་ཡོངས་རྫོགས་ཀྱིས། །བདུད་རྣམས་ཐུབ་པའི་དགའ་སྟོན་དུ། །ཇོ་རུའི་སྤྲུལ་བའི་བྱ་བྲལ་དེ། །ཁྲི་ལ་མངའ་གསོལ་གཟེངས་བསྟོད་དང་། །རྟ་རྒྱུག་མདའ་རྩལ་གླུ་བྲོ་སོགས། །དགའ་སྟོན་དཔག་མེད་མཛད་པའི་མཐར། །སྤྲུལ་བའི་བྱ་བྲལ་དམ་པ་ཡིས། །སྲ་མཁྲེགས་རྡོ་ཡི་ཕ་བོང་ལ། །ཞབས་རྗེས་བཞག་སྟེ་འཇའ་ལྟར་ཡལ། ། བྲིས་ཆ།1.ཡུལ་བཀོད་ཅུང་ཟད་རྒྱང་རིང་བ་ལྟར་བྱ་བར་དར་རྗེ་ཉི་མ་ཁྲི་བཙུན་གྱི་སྐུ་མཁར་ཕལ་ཆེར་མཐོང་བའི་རྣམ་པ་དང་།དེའི་ཡང་ཐོག་དགྲ་ལས་རྣམ་པར་རྒྱལ་བའི་རུ་མཚོན་བསྒྲེངས་ཤིང་ལྷ་བསང་སྤྲིན་དཀར་ལང་བ་ལྟར་ཕུལ་ཏེ་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །2.སྐུ་མཁར་དེའི་ཉེ་འགྲམ་ཙམ་དུ་དར་རྗེ་ཉི་མའི་དབུ་གུར་མིག་གི་མཛེས་རྒྱན་ཕུབ་པའི་ནང་རོལ་ཙན་དན་དམར་པོའི་ཁྲི་སྟེང་དུ་སྤྲུལ་བའི་བྱ་བྲལ་དམ་པ་དེ་ཡེར་རེ་ལྷོད་སེ་བཞུགས་སུ་གསོལ་བ་དང་།དེ་ནས་བཞུགས་གྲལ་གཡས་གཡོན་དུ་དར་རྗེ་ཉི་མ་ཁྲི་བཙུན་དང་།དར་བློན་ལྷ་ཁྲི་དུང་ཟླ།གདོང་ཚའི་བླ་མ་བཤེས་གཉེན།བྱང་ཚ་དགྲ་འདུལ་སོགས་གྲལ་རིམ་པ་འཁོད་དེ་ཡོད་སྐབས།བློན་རྒན་ཤེས་བྱ་ཀུན་ཁྱབ་དེས་བྱ་བྲལ་རིན་པོ་ཆེ་དང་།དར་རྗེ་ཉི་མ་ཁྲི་བཙུན་གཉིས་ཀྱི་མདུན་དུ་དར་དཀར་ཉིན་མོ་བདེ་ལེགས་རེ་ཕུལ་ཏེ་དགའ་སྟོན་རྟེན་འདྲེལ་གྱི་གླུ་ལེན་གྱིན་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །3.གུར་མོ་ཆེ་དེའི་ཕར་ཐད་ཙམ་ན་གཞོན་ནུ་ཕོ་མོ་མང་པོས་གོས་རྒྱན་གཟབ་སྤྲོས་དང་རྟ་རྒྱུག་མདའ་རྩལ་གླུ་བྲོ་སོགས་ཀྱི་དགའ་སྟོན་སྤེལ་ནས་ཡོད་ཚུལ་གྱི་རྣམ་པ་བཅས་འབྲིའོ། །4.ཕྱོགས་གཅིག་ནས་སྤྲུལ་བའི་བྱ་བྲལ་དེས་རྡོ་ཕ་བོང་ཞིག་གི་ཐོག་ཏུ་ཞབས་རྗེས་ཆ་གཅིག་བཞག་སྟེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཕེབས་སྐབས།མི་མང་པོས་བསང་ཕུལ་ནས་མཇལ་བསྐོར་བྱེད་ཀྱིན་ཡོད་ཚུལ་གྱི་རྣམ་པ་སོགས་ཀྱང་འབྲི་བར་བྱའོ། །ལྡེབ་305_326 རྨ་སྨད་མཁའ་འགྲོ་འདུ་གླིང་ནས། །ལྷ་སྲས་ཇོ་རུ་རྒྱལ་པོ་ལ། །རྗེ་བཙུན་སྒྲོལ་མས་ལུང་བསྟན་ལྟར། །ཨ་གྲགས་རྒྱལ་སྲས་འདུལ་ལ་ཕེབས། །རྒྱབ་རི་སྒང་པའི་རྩེ་མོ་ན། །རྒྱལ་བློན་སྤྲོ་གསེང་མཛད་པའི་ཚེ། །ཇོ་རུའི་སྤྲུལ་པའི་ལྷ་གཡག་གིས། །རྒྱལ་པོའི་ཆིབས་རྟ་བོན་བླ་གཉིས། །དུས་གཅིག་རྭ་ཡི་རྩེ་མོར་འཛེར། ། བྲིས་ཆ།1.ཡུལ་བཀོད་ཅུང་ཟད་རྒྱང་རིང་བ་ལྟར་བྱ་བའི་རྨ་སྨད་གཡུ་ལུང་སུམ་མདོ་སྟེ་མ་འགོག་བཟའི་སྦྲ་ཆུང་གཡང་འཁྱིལ་མ་མཐོང་ཙམ་ཡོད་ཚུལ་གྱི་རྣམ་པ་དང་།ས་ཆ་དེའི་ཐད་ཀ་ནས་ཇོ་རུས་ལྕང་དཀར་བེར་ཀ་ལ་ཞོན་ཏེ་ནམ་མཁའ་ནས་བྱ་འཕུར་བ་ལྟར་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །2.ཡུལ་བཀོད་ཅུང་ཟད་ཉེ་རྒྱུད་ལྟར་བྱ་བའི་ཨ་གྲགས་ཡུལ་གྱི་ས་ཆ་དང་།དེར་ཨ་གྲགས་རྒྱལ་པོའི་སྐུ་མཁར་གྱི་རྒྱབ་ཕྱོགས་རྒྱབ་རི་སྒང་པའི་རྩེ་མོ་ཞེས་པ་དེར།ཨ་གྲགས་རྒྱལ་སྲས་གནམ་ལྷ་ཁྲི་དཀར་ཞེས་པ་ཐེའུ་རང་སྟོང་གི་བུ་སྐལ་ཞིག་ཡོད་པ་དེས་བློན་འཁོར་རྣམས་ཁྲིད་དེ་སྤྲོ་གསེང་དུ་ཕེབས་ནས་གུར་དཀར་པོ་མུ་ཏིག་གི་ཕྲེང་བ་སར་ཆད་པ་ལྟར་ཡོད་ཚུལ་གྱི་རྣམ་པ་དང་།བློན་འགའ་རེས་རྟ་རྩལ་མདའ་རྩལ་འགྲན་ནས་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །3.ཕྱོགས་གཅིག་ནས་རྟ་ཁྱི་མང་པོ་ཡོད་པའི་བར་གསེབ་ལྟ་བུར་ནས་ག་བྱུང་འདི་བྱུང་མེད་པ་ཇོ་རུས་སྤྲུལ་བ་ལྷ་གཡག་དུང་ལྟར་དཀར་བ་ཁ་ནས་ངར་སྒྲ་སྒྲོག་པ་ལྕེ་དམར་ལྭ་ཤར་ལྟར་རྐྱོང་པ།རྔ་མ་གྱེན་དུ་གཡུག་སྟེ་རྒྱལ་པོའི་ཆིབས་པ་རླུང་འཛིན་ནག་པོ་དང་།མུ་སྟེགས་བོན་བླ་གཉིས་དུས་གཅིག་ཏུ་རྭ་རྩེས་འཛེར་ཏེ་བྱུང་སྐབས།4.དམག་མང་པོས་ལྷ་གཡག་ཐོག་ཏུ་མདའ་ཆར་བུ་ཡུག་འཚུབ་འཚུབ་ལྟར་བྱས་ཀྱང་ལྷ་གཡག་ལ་ཅི་ཡང་གནོད་པ་མེད་པ་ལྟར་ཡོད་ཚུལ་གྱི་རྣམ་པ་སོགས་ཀྱང་འབྲི་བར་བྱའོ། །ལྡེབ་326_349  ཇོ་རུས་ཡབ་ཆེན་སེང་བློན་སྤྲུལ། །ཨ་གྲགས་རི་སྐྱིད་སྒར་ཆེན་འགྲམ། །ཕ་བོང་འབྲོང་གཡག་ཙམ་ཞིག་ལ། །མདའ་མོ་གཅིག་གིས་རྨེག་མེད་བཏང་། །ཨ་མོ་ཐང་ནས་རྟ་ཁྱུ་བཅད། །རྒྱལ་སྲས་དཔོན་བློན་གསུམ་པོ་ཡིས། །རྗེས་བཞིན་བསྙེགས་ནས་བྱུང་བའི་ཚེ། །སྤྲུལ་པའི་ཡབ་ཆེན་སེང་བློན་གྱིས། །མདའ་མོ་རེ་རེས་ལྔ་ལམ་བཏང་། །ལྷ་སྲས་ཇོ་རུའི་རྫུ་འཕྲུལ་གྱི། །མཛད་རྣམ་འགའ་ཞིག་གྲུབ་པའོ། །   བྲིས་ཆ།1.ཡུལ་བཀོད་ཅུང་ཟད་རྒྱང་རིང་བ་ལྟར་བྱ་བའི་གོང་བཀོད་ཨ་གྲགས་ཀྱི་རི་སྐྱིད་སྒར་པ་དེ་ལས་མི་རྣམས་ཕྱོགས་དུ་མ་ནས་ཟིང་ཟིང་ལོང་ལོང་ལྟར་བྱེད་བཞིན་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །2.སྒར་དེའི་ཉེ་འགྲམ་ཙམ་ནས་ཇོ་རུས་ཡབ་ཆེན་སེང་བློན་རྒྱལ་པོར་སྤྲུལ་ཏེ་མི་དཀར་རྟ་དཀར་འཁོར་གསུམ་དཀར་ལ་གཟི་འོད་འབར་བ་ཞིག་མཛད་དེ།ཕར་ཐད་དུ་རྡོ་ཕ་བོང་འབྲོང་གཡག་ཙམ་ཞིག་ལ་མདའ་བརྒྱབ་སྟེ་ཐར་རེ་གཏོར་ནས་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ། །3.ཕྱོགས་གཅིག་ནས་སྤང་རི་ལ་ཉག་ཡོད་པ་ཞིག་ནས་སྤྲུལ་བའི་སེང་བློན་དེས་ཨ་གྲགས་སྒར་པའི་རྟ་ཁྱུ་མང་པོ་བཅད་དེ་ཡོད་སྐབས།4.ཨ་གྲགས་རྒྱལ་སྲས་གནམ་ལྷ་ཁྲི་དཀར་དང་།བློན་ཆེན་གཟའ་རྒོད་གདོང་དམར།བློན་ཆེན་བྲག་ལྷ་དཔལ་བཟང་གསུམ་གྱིས་དཔའ་ཆས་ལུས་ལ་རྫོགས་ཏེ་རང་རང་གི་རྟ་ལ་ཞོན་ནས་ར་མདའ་ཆས་པ་ན།སྤྲུལ་བའི་སེང་བློན་དེས་མདའ་རེ་རེའི་ཁ་འོག་ཏུ་བཏང་སྟེ་གསུམ་ཀ་དུས་གཅིག་ཏུ་རྟ་ཐོག་ནས་ལྷུང་ཚུལ་གྱི་རྣམ་པ་སོགས་ཀྱང་འབྲི་བར་བྱའོ། །ལྡེབ་349_366ཞེས་དེ་སྔར་མི་ཡུལ་གྱི་འཇིག་རྟེན་འདི་ན་མ་གྲགས་པའི་འཛམ་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་སྟོང་ཐང་མཐོང་བ་ཀུན་སྨོན་ཞེས་པ་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་རིན་པོ་ཆེས་མཚན་གསོལ་གནང་བ་འདི་ཉིད་སྤྱི་ལོ་2002ལོར་ཞལ་ཐང་འབྲི་རྒྱུའི་འགོ་རྩོམ་པའི་སྐབས།མཆོག་དམན་བར་མའི་སྐྱེ་བོ་མང་པོས་གླིང་སྒྲུང་རྣམས་རི་མོའི་ལམ་དུ་འདྲེན་རྒྱུའི་འཆར་འགོད་ཀྱི་འོས་འགན་རླབས་པོ་ཆེ་ཕྲག་ཏུ་བཀལ་བ་བཞིན།གེ་སར་སྐྱེས་བུ་ཆེན་པོའི་རྟོགས་བརྗོད་རྒྱ་མཚོ་ལྟ་བུ་ལས་སྐྲ་རྩེའི་ཆ་ཤས་ཙམ་བརྗོད་པ་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་གསལ་བ་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཚེ་རིང་དབང་རྒྱལ་དུ་འབོད་པས་བགྲང་བྱ་དྲུག་ལྷག་ཏུ་འབད་པ་ཆེན་པོའི་བརྩོན་པ་རྒྱུན་བསྲིངས་ཏེ་ངང་རྒྱུད་ཆུ་བོའི་རྒྱུན་ལྟར་རིང་བ་དང་།ལྷག་བསམ་ཟླ་གཞོན་གསར་པའི་རང་མདངས་ལས་འཁྲུངས་པའི་གླིང་སྒྲུང་པོད་བཞི་བཅུའི་ཞལ་ཐང་དྲུག་བརྒྱ་ལྷག་གི་འབྲས་བཟང་ལེགས་པར་སྨིན་པའི་ཡ་གྱལ་རྨ་སྨད་ཇོ་རུ་རྒྱལ་པོའི་རྫུ་འཕྲུལ་གྱི་མཛད་པ་ཁག་གཉིས་པའི་ཞལ་ཐང་བཅུ་གཅིག་གི་བསྡུས་དོན་རབ་གསལ་མེ་ལོང་དང་བྲིས་ཆ་མེ་ཏོག་ཕྲེང་མཛེས་ཞེས་པ་འདི་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༠༠ལོར་པར་ཐེངས་དང་པོ་བསྒྲིགས་པའི་གླིང་སྒྲུང་རྨ་སྨད་ཇོ་རུ་རྒྱལ་པོའི་རྫུ་འཕྲུལ་གྱི་མཛད་པ་ཁག་གཉིས་པ་ལ་གཞི་བྱས་ནས་གསར་དུ་བརྩམས་པའོ། །
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1