འཁྲབ་སྟོན་པ་གཙོ་བོ། པད་མ་སྐྱིད། བཀྲ་ཤིས་ཚེ་རིང་།
འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་མཁན། ཞི་བདེ་ཉི་མ།
གློག་བརྙན་འདིའི་དམངས་སྲོལ་ཆེད་མཁས་པ། ཚེ་དཔལ་བཀྲ་ཤིས།
མདོ་ལ་རྫོང་སྲིད་གྲོས་དང་པེ་ཅིན་ཁ་བ་ཅན་གློག་བརྙན་བརྙན་འཕྲིན་ཚད་ཡོད་ཀུང་ཟིས་མཉམ་འབྲེལ་བྱས་སྒོས་ཕབས་སྐྲུན་བྱས་པའི་གློག་བརྙན《ཨ་རིག་བུ་མོ་འབྲི་བརྒྱ་མ 》(阿柔情缘)ཞེས་པ་དེ། དུས་ཡུན་ཟླ་གཉིས་ལྷག་གི་རིང་ཕབ་སྐྲུན་བྱས་པ་བརྒྱུད། ཉེ་ལམ་མདོ་ལ་རྫོང་ཨ་རིག་རྩྭ་ཐང་ནས་ཡོངས་སུ་མཇུག་རྫོགས་ཏེ། ཏ་ལྟ་ལས་མཇུག་གི་དོན་བྱ་སྤེལ་བཞིན་པའི་སྒང་ཡིན།
གློག་བརྙན་འདི་ནི་མདོ་སྨད་གནའ་བའི་ཚོ་ཁག་ཨ་རིག་ཚོ་བའི་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ལས། ཨ་རིག་གཉེན་སྲོལ་གཞིར་བཟུང་ནས་བཅོས་བསྒྲིག་བྱས་པ་ཞིག་ཡིན་ལ། གློག་བརྙན་ལས་བོད་རིག་ན་གཞོན་ཕོ་མོ་གཉིས་ཀྱི་བརྩེ་དུང་བརྗོད་གཞིར་བཟུང་ནས། ཨ་རིག་ཚོ་ཁག་གི་གཞན་དང་མི་མཚུངས་པའི་གཉེན་སྲོལ་རིག་གནས་ཕྱོགས་ཡོངས་ནས་མངོན་པར་མཚོན་པ་ཞིག་ཡིན།
གློག་བརྙན་འདི་ནི་བོད་ཀྱི་སྐད་གྲགས་ཅན་གྱི་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ་ཞི་བདེ་ཉི་མ་གདན་དྲངས་ནས་འཁྲབ་གཞུང་བྲིས་ཤིང་འཁྲབ་ཁྲིད་བྱས་པ་ཞིག་ཡིན་ལ། ས་གནས་དམངས་སྲོལ་མཁས་ཅན་ཚེ་དཔལ་བཀྲ་ཤིས་ཀྱིས་གློག་བརྙན་འདིའི་དམངས་སྲོལ་བློ་འདྲི་བའི་འགན་འཁུར་བ་ཡིན།
གློག་བརྙན་འདིའི་སྒྲིག་གཞི་དང་གོ་རིམ་ལ་ལེགས་པ། པར་ངེས་ཀྱི་སྒྲིག་བཀོད་མཛེས་པ། ཟློས་གར་དང་དངོས་ཡོད་ཟུང་འབྲེལ་བྱས་པ་ཡོངས་སུ་མཐུན་པ། དམངས་སྲོལ་གྱི་ཞིབ་ཆ་ཐོན་པ། འཁྲབ་སྟོན་པ་གདམ་བསྲེས་བྱས་པ་སོགས་ཕྱོགས་གང་ཅིའི་ཐད་ནས་གཟེངས་སུ་ཐོན་ཡོད་པའི་གློག་བརྙན་ཞིག་རེད། འདི་ཡིས་ང་ཚོས་གློག་བརྙན་འཕྲིན་གྱི་ལམ་ནས་བོད་ཀྱི་དམངས་སྲོལ་རིག་གནས་སྔོགའདོན་དང་དར་སྤེལ་བྱེད་པར་སྔར་མེད་ལམ་གསར་ཞིག་བཏོན་ཡོད་པ་གདོན་མི་ཟ། གློག་བརྙན་འདི་ལ་གློག་བརྙན་གྱི་པར་གཞི་དང་བརྙན་འཕྲིན་གྱི་པར་གཞི་གཉིས་ཡོད་ལ། སྒྱུ་རྩལ་གྱི་རིན་ཐང་དང་དཔྱད་གཞིའི་རིན་ཐང་། རོལ་རྩེད་ཀྱི་རིན་ཐང་སོགས་ཀྱིས་ཕྱུག་པ་ཞིག་ཡིན།