བོད་ཀྱི་འཚོ་བའི་ཁྱད་ཆོས་བཤད་པ་སྤྲིན་བཟང་རིན་པོ་ཆེའི་གཏམ།

ལྕང་ཞབས་པ་འགྱུར་མེད་ཚེ་དབང་། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-13


གསེར་མདོག་གི་གངས་རི།

贡嘎金辉


བོད་ཀྱི་ཁང་པའི་ཁྱད་ཆོས།

藏族民居

        བོད་རིགས་ཀྱི་སྡོད་ཁང་ནི་སྟབས་ལེགས་སྟེས་དབང་གིས་སྤང་ལས་ཤ་མོ་རྡོལ་བ་ནང་བཞིན་གྱིས་གློ་བུར་དུ་གྲུབ་པ་ཞིག་ག་ན་ཡིན། མཐོ་སྒང་ཁ་བ་ཅན་གྱི་ཞིང་ལ་བོད་མི་རིགས་ཀྱི་ཕྱི་སྣོད་ཆགས་ནས་ནང་བཅུད་གྲུབ་པའི་ཐོག་མར་སྤྲ་དང་སྤྲེའུ་ནས་རིམ་བཞིན་བརྒྱུད་པ་ལས་འཚོ་ཆོས་སུ་ངལ་རྩོལ་དང་དེ་བསྟུན་གྱི་སྤྱོད་ཆས་བཟོས་པ་སོགས་ལས་སྨྲ་ཤེས་དོན་གོ་ཞིང་རང་རྐྱ་འཕེར་བའི་བོད་མི་རིགས་འདི་རང་ས་ནས་བྱུང་བ། བརྒྱུད་རིམ་དེའི་ཁྲོད་དུ་འཚོ་སྡོད་ཀྱི་ཆ་རྐྱེན་གནས་གཞི་ཤིང་ནགས་ཀྱི་གསེབ་དང་། བྲག་དོང་། ས་དོང་སོགས་ལ་བརྟེན་ནས་རིམ་བཞིན་ད་ལྟའི་བོད་མིའི་གནས་ཁང་འདི་བྱུང་བ་ཡིན། དེར་བརྟེན་ད་ལྟའི་གནས་ཁང་འདི་བོད་མིའི་འཚོ་སྡོད་ཀྱི་ཆ་རྐྱེན་དུ། བོད་རིགས་མི་དམངས་ཀྱི་མི་རབས་མང་པོར་འཚོ་སྡོད་རིག་གནས་ཀྱི་ཤེས་རིག་གི་ཉིང་བཅུད་ཀྱིས་གྲུབ་པ་ཡིན་ལ་བོད་མི་རིགས་ཀྱི་རང་བྱུང་གི་ཁོར་ཡུག་དང་འཚམས་པའི་གནས་ཁང་ཡིན་པས་དགོས་པ་དང་རྒྱུ་མཚན་དུ་མ་ཡོད་པ་ང་ཚོས་ཤེས་དགོས། དཔེར་ན་གནའ་བོའི་མི་རིགས་ཤིག་གི་ལག་རྩལ་ཤེས་སྦྱོང་གིས་བཟོ་སྐྲུན་མ་ཉམས་པར་བརྒྱུད་ནས་ཡོང་པ་ཞིག་ཡིན་ལ་དེའི་བཟོ་བཀོད་ཀྱི་ངོ་བོ་དང་རྣམ་པ། འཆར་འགོད་སོགས་ཀྱི་ལག་རྩལ་ནི་ངོ་མཚར་རྨད་དུ་བྱུང་བ་ཞིག་ཡིན་པའི་རྒྱུ་མཚན་ནི་དཔེར་ན་ཁང་པའི་རྨང་འདིང་གི་རྒྱུ་ཆ་གཙོ་བོ་དེ་རྡོ་ཡིན་ལ། ཁང་པའི་ནང་ངོས་སུ་ཤིང་གི་རྒྱུ་ཆ་བྱས་ནས་བཟོས་པ་ཡིན་པས་ལྷད་མེད་རྒྱུ་ཆ་གཙོ་བོ་བྱས་པ་དང་རྡོའི་བརྩིགས་པ་རྒྱགས་སྟངས་ཐད་ནས་ཡང་རྡོ་ལ་ཕོ་མོའི་དབྱེ་བ་དགར་བ་དང་རྡོ་ཕོ་མོའི་སྡེབ་སྦྱོར་གྱི་ཚུལ་དུ་བརྩིགས་ཆོག་པ། དེ་བཞིན་དུ་ས་གྱང་རྡུང་བ་ལ་ཡང་རྒྱུ་ཆ་ས་ཡི་བཟང་ངན། རྡུང་སྟངས་དང་རྡུང་བྱེད་ལག་ཆའི་ཁྱད་པར་སོགས་ཀྱི་རབ་ཀྱི་རྡུང་སྟངས་ལ་བརྟེན་ན། ས་གྱང་དེའི་ཚེ་སྲོག་གི་རྒྱུན་ཐག་རིང་བ། སྲ་བ། བརྟན་པ། འཇམ་པ་སོགས་ཀྱི་དགེ་མཚན་ཡོད་པར་མ་ཟད། གྱང་བརྡུང་ཟིན་རྗེས་རྟེན་འབྲེལ་མཚོན་བྱེད་ཀྱི་ཐད་ནས་ཀྱང་བཀྲ་ཤིས་རྟགས་བརྒྱད་དང་གཡུང་དྲུང་སོགས་མཚོན་དོན་ཅན་གྱི་མཛེས་པ་མངོན་པར་གསལ་བ་ཞིག་བྱེད་བཞིན་ཡོད། ཁང་པའི་གྲུ་ཆོད་དང་། དྲ་ཤམ། ཀ་བ་དང་། གདུང་མ་སོགས་ཀུན་པོའི་རྒྱུ་ཆ་ཤིང་ཡིན་པས་རང་བྱུང་ཡིན་པ། རྫས་སྦྱོར་མ་འདྲེས་པ། ལྷད་མེད་པ། གཙང་བ་སོགས་ཀྱི་དགེ་མཚན་ཡོད་སྟབས། དེར་བརྟེན་གྱི་འཚོ་སྡོད་མི་སྣ་དག་གི་ལུས་ལ་ཕན་པ། སེམས་པ་སྤྲོ་བ། བག་དྲོ་བའི་རྐྱེན་བྱེད་པ། ཁང་པའི་བཟོ་སྐྲུན་བྱེད་ཐབས་ཀྱང་གྲུ་ཆོད་དང་ཀ་གདུང་སོགས་ལྷུ་ཚིགས་ཅན་ཤ་སྟག་ཡིན་པས་གྲུབ་ཤོད་དང་ཀ་གདུང་སོགས་ཁང་པའི་ཕྱི་ནང་གི་རྣམ་པ་གསར་རྙིང་བརྗེ་སྟབས་བདེ་བ། ཁང་པའི་གྲུབ་ཆ་གསར་རྙིང་བརྗེ་ན་ཡང་ཁང་པ་ཞིག་རོ་མི་འགྲོ་བ། ཁང་པ་བཤིག་ནས་ཞིག་རོ་སོང་ཡང་ས་རྡོ་ཤིང་གི་རྒྱུ་ཆ་དེ་དག་འཕྲོ་བརླག་མི་འགྲོ་ཞིང་བེད་ཆོད་པའི་དགེ་མཚན་ཡོད་ལ། གྲོང་གི་དུད་ཁྱིམ་གྱི་བཀོད་པ་ཡང་བར་ཐག་རིང་ཐུང་འཚམས་པས་ཁང་པའི་སྒོ་སྐར་ཁུང་གི་གསལ་ཆ་ཆེ་བ། ཉི་འདོན་དྲོ་བ། ཁང་པ་མང་ཤོས་ཤིག་གི་ཁོར་ཡུག་སྔོ་ལྗང་ཅན་དུ་གྱུར་པར་མ་ཟད། སྤྱོད་སྟབས་བདེ་བའི་དགེ་མཚན་ཡོད་པ། ཁང་པའི་རྣམ་པ་ཡང་མཛེས་ཉམས་ལྡན་པ། སྒྲོས་ལེགས་པ། ཡིད་དུ་འོང་བའི་ཁྱད་ཆོས་ལྡན་ལ་ཁང་པའི་བྱེད་ལས་ཆ་ཚང་བ་སྟེ། སྒོ་ར་དང་། ལྡིང་ཁང་། ལྕགས་རི་སོགས་ཡོད་སྟབས་རྟ་ནོར་ལུགས་སོགས་སྒོ་ཕྱུགས་ཐམས་ཅད་བག་ཡངས་སུ་ཉལ་སྡོད་བྱེད་ཆོག་ཅིང། ལོ་ཏོག་དང་། ལྕི་བ། འབུད་ཤིང་སོགས་ཉེར་སྤྱོད་ཅི་ཙམ་འཇོག་རྒྱུ་ཡོད་ན་རྒྱ་ཆེ་བས་ནང་དུ་ཆུད་པའི་ས་ཁོངས་ཡངས་པའི་ཆེ་བ་ཡོད།

སྒོ་ཕྱུགས་ཀྱི་ཁྱད་ཆོས།

藏族家畜

        བོད་ཀྱི་སྒོ་ཕྱུགས་གཙོ་བོ་དེ་རྟ་ནོར་ལུག་གསུམ་ཡིན་ལ། རོང་ཁུལ་ན་ཕག་དང་བ་གླང་གསོ་བ་ཡང་དར་ཆེ་བས་ཕྱུགས་ལས་ལ་བརྟེན་པ་ནི་བོད་མི་ཡོངས་ཀྱི་ཐོན་འབབ་ཀྱི་གཙོ་བོ་ཡང་ཡིན། དེའི་ནང་ནས་ཀྱང་ནོར་གནག་ནི་འཛམ་གླིང་སྟེང་གཅིག་ལས་གཉིས་མེད་པའི་ཕྱུགས་ཁྱད་པར་བ་ཞིག་ཡིན་ལ་ཕྱི་གླིང་པས་ཡུལ་སྐོར་བྱེད་དུས་འབྲི་གཡག་ནི་མིག་གི་དགའ་སྟོན་མཆོག་ཏུ་བསྔགས་པ། གནའ་རྒྱ་གར་བ་དག་གིས་ཀྱང་བོད་གངས་ཅན་པའི་གཡག་ནི་ལྟད་མོ་བལྟ་ས་ཡིན་པའི་ཚུལ་དགེ་འདུན་ཆོས་འཕེལ་གྱིས་གསུངས། བོད་མི་སྙིང་རྗེ་ཅན་གྱི་མི་རྒྱུད་ཡིན་ཙང་སྒོ་ཕྱུགས་ལ་འཚོ་སྐྱོང་ལེགས་ཤིང་སྒོ་ཕྱུགས་དང་འགྲོགས་འདྲིས་ཡུན་རིང་བའི་རྒྱུ་མཚན་གྱིས་སྒོ་གཤས་དང་གཤས་ཚོང་ལ་ཕབ་པ་ཆེར་ཉུང་། དེང་སང་ཧྲང་ཧེ་སོགས་གྲོང་ཁྱེར་ཆེ་སའི་ཟ་ཁང་རྣམས་སུ་རང་བྱུང་ནོར་གནག་གི་ཤ་ཡིན་ཟེར་ནས་གཡག་ཤ་རྒྱ་མ་གང་ལ་སྒོར་བརྒྱ་ཁ་ལྷག་བྱེད་བཞིན་ཡོད། དངོས་གནས་གཡག་ཤ་ནི་རང་བྱུང་གི་ཤ་ཡིན་པ། སྨན་རྩྭ་སྨན་ཆུས་གསོས་པའི་ཤ་ཡིན་པས་ཤ་འདི་ནི་དོན་གྱིས་རིན་ཐང་ཆེ་བ་ཞིག་ཡིན་པ་ཡང་གོ་དགོས། འཚོ་སྐྱོང་བྱེད་སའི་ཁོར་ཡུག་ཀྱང་ས་ཁྱོན་ཡངས་པ། མཐོ་ལ་གྲང་ངར་ཆེ་བའི་ས་ཁམས་གནས་བབས་མེད་ན་འཚོ་སྐྱོང་བྱེད་མི་ནུས་པ་ཞིག་ཡིན། རྒྱུ་མཚན་དེས་གཡག་གི་ཕ་ས་གངས་ཅན་བོད་ཡུལ་ཟེར་བཞིན་ཡོད། སྤྱིར་བོད་ཀྱི་ལུང་པའི་ནང་གི་ནོར་གནག་དང། བ་གླང་། ཕག་པ། ཐ་ན་ཁྱིམ་བྱ་ཚུན་ཆད་གསོ་བྱེད་ནི་རང་བྱུང་གི་གསོ་ཆས་ཏེ། གཙང་བ། འབག་བཙོག་མེད་པ། རྫས་སྦྱོར་མ་འདྲེས་པའི་གཟན་ཆས་ཁོ་ན་ཡིན་པས་དེང་སང་ནི་དེ་ལས་ཀྱང་རིན་ཐང་ཆེ་བ་ཞིག་ཏུ་གྱུར་ཡོད།



མཐོ་སྒང་བོད་མིའི་འཚོ་བ།
高原游牧生活

ཟས་རིགས་ཀྱི་སྐོར།

藏族美食

        འབྲུ་རིགས་སྲན་ནས་བྲོ་གསུམ། ཤ་མར་ཐུད་གསུམ། འོ་ཞོ་ཆུར་པ་སོགས་བཅུད་ཆེ་བ། གཙང་བ། བདེ་ཐང་ལ་མི་གནོད་པ་ཤ་སྟག་ཡིན་ཞིང་། ཐ་ན་སྔོ་རིགས་ཀྱང་ཟྭ་དང་རུ་པ། ཆུ་རུག གོ་སྙོད་སོགས་རྫས་སྦྱོར་མ་འདྲེས་པ། འབག་བཙོག་མེད་པ། གཙང་སེང་ངེ་བ། ཟོས་ན་ཞིམ་པ། ལུས་ལ་ཕན་པ། གནོད་པ་སྤུ་ཙམ་མེད་པ་ཞིག་ཡིན་ལ། ཁྱད་པར་དུ་དེང་འཛམ་གླིང་ན་ཟས་རིགས་སྣ་ཚོགས་ལ་རྫས་སྦྱོར་སྣ་ཚོགས་འདྲེས་པ། ལྷད་སྣ་ཚོགས་ཞུགས་པས་ཟ་མ་དེ་དག་གིས་ཤ་རྒྱགས་པ་ཆགས་པ། ནད་སྣ་ཚོགས་བསྐྱེད་པས་ཟས་རིགས་དེ་དག་ལ་འཛེམ་དགོས་པའི་དུས་འདིར། བོད་པ་ཚང་གི་ཟས་རིགས་ཀུན་ལ་སྐྱོན་དེ་དག་མེད་སྟབས་ཁ་ཟས་སྨན་དང་འདྲ་བ་དེར་བསྟེན་ནས་ལུས་བདེ་སེམས་བདེའི་ངང་ནས་ཚེ་རིང་བ། ནད་མེད་པ། འཚོ་སྡོད་གུ་ཡངས་ཅན་རེ་ཡོང་བཞིན་ཡོད། དེ་བཞིན་དུ་བོད་ཀྱི་ཟས་རིགས་ལ་འཚོ་བཅུད་འཛོམས་ཤིང་ལྟོགས་ཆགས་པའི་ཁྱད་ཆོས་འཛོམས་པས། མཐོ་སྒང་གི་གྲང་ངར་བཟོད་ཐུབ་ལ། ལུས་སྟོབས་དྲག་པོ་རྒྱས་པས། བོད་མིའི་འཚོ་བའི་མ་གདན་ལྟ་བུ་ཡང་ཡིན་ལ། དེ་ལས་དཔེར་ན་རྩམ་རྡོག་བཟོ་བ་གཅིག་ལ་མཚོན་ན། མར་དང་། ཆུར་བ། རྩམ་པ། འོ་ཇར་བསྲེས་ནས་བཟོ་དགོས་པ་ཞིག་ཡིན་པས། རྩམ་པའི་རྒྱུ་ཆ་ཡོད་ཚད་ཡང་འཚོ་བཅུད་ལྡན་པ་ཤ་སྟག་གིས་གྲུབ་པས་ཟ་མའི་མཆོག་ཏུ་ཡང་བརྗོད་བཞིན་ཡོད། གཞན་མདོ་སྨད་ཡུལ་གྱི་གོར་མོ་ཆེ་ཡིས་མཚོན་པའི་རྒྱུ་ཆ་ཕྱེ་ལས་བྱས་པའི་ཟ་མ་ཡང་ཧ་ཅང་མོད་པོ་ཡོད། ཡུལ་ལུང་སོ་སོར་ཟ་མ་བཟོ་སྟངས་དང་ཟ་མའི་རིགས་རེ་རེ་བཞིན་བགྲང་དགོས་ན་ཧ་ཅང་དཀའ་བའི་གནས་ཡིན་པས་རེ་ཞིག་མཚམས་འཇོག་རྒྱུ་བྱས།

དམངས་ཁྲོད་རིག་གནས་ཀྱི་ཁྱད་ཆོས།

藏族民间文化

        དེ་ཡང་དམངས་ཁྲོད་རྩོམ་རིག་སྟེ། གཏམ་རྒྱུད། སྒྲུང་གཏམ། ངག་རྒྱུན། གླུ། བྲོ། ལ་གཞས། མགུར་མོ་སོགས་ལ་འཇིག་རྟེན་མི་ཆོས་ཏེ། ལེགས་ལམ་དུ་བཀྲི་བ་དང་རྒན་བཀུར་བྱིས་སྐྱོང་། ཡ་རབས་ལས་སྐུལ། རྒྱུ་འབྲས་ཚུལ་མཐུན་གྱི་སློབ་གསོའི་བཅུད་ཀྱིས་གཏམས་པ་ཞིག་ཡིན་པས་བོད་མི་ནི་ཡ་རབས་ཀྱི་མི་རིགས། གཞུང་དྲང་བ། རྒྱུ་འབྲས་ཡོད་པ། ཕུགས་བསམ་ཅན་གྱི་མི་རིགས་ཤིག་རེད་ཅེས་གྲགས་པ་དོན་ལ་གནས་པ་འདི་བྱུང་བ་ཡིན། བྱིས་པའི་རྩེད་རིགས་ལ་ཡང་དེང་སང་བྱིས་པ་ཚོས་རྫས་སྦྱོར་འབག་བཙོག་ཅན་གྱི་འགྱིག་དང་། ལྕགས་རྙིང་ལན་མང་བཞུ་བཟོ་བྱས་པའི་རྩེད་ཆས་ཉོས་ཏེ་ལུས་སེམས་ལ་གནོད་པ་དང་། གནོད་དོགས་ཡོད་པའི་སེམས་ཁུར་མི་དགོས་པ། རྩེ་མོ་ཡག་ཤོས་ཨ་མྱེས་ཚང་ལ་ལ་ཕུག་སློང་བ། ཁྱི་དང་འཕྱི་བ། ཐེབས་འབུར་རྒྱག་པ། ཨ་སྐྱ་བཀྱེས་པ། རེའུ་མིག་རྩེ་བ་སོགས་ལུས་སེམས་ལ་མི་གནོད་ཅིང་བདེ་ཐང་ལ་ཕན་པའི་རྩེད་མོ་ཁོ་ན་རྩེ་ཚུལ་ཡོད། གཞོན་ནུ་ཚོ་ཡང་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ། རྒན་གྲས་ལ་གུས་པ། ཕྱི་དགྲ་ནང་གཉེན་ཧ་གོ་མཁན། བྱས་པ་ཤེས་ཤིང་དྲིན་བཟོ་ཤེས་པའི་ངང་ཚུལ་ལྡན་པ། རྒན་ཕོ་མོ་ཚོས་ཀྱང་ཕྱག་སྐོར་སྒྲིབ་སྦྱོང་བྱེད་ཅིང་། ཁ་མ་ཎི་དང་མི་འབྲལ། ལག་ཕྲེང་བ་དང་མི་འབྲལ། སེམས་རྒྱུད་འཇམ་ལ། ཞི་དུལ་ཀྱིས་ཁྱིམ་དུ་བདེ་འབོལ་ལེ་བཞུགས་ཆོག་པར་མ་ཟད། ཁྱིམ་ཚང་གང་པོས་བཀུར་བསྟི་བྱ་བའི་ཡུལ་གཙོ་བོ་ཡིན་ལ་ཁྱིམ་གྱི་རྟེན་གཞི་ནོར་བུ་ལྟ་བུ་ཞིག་ཏུ་བརྩི་བཞིན་ཡོད། ཤུགས་རྐྱེན་བཟང་པོ་དེ་འདྲ་བཞག་ཐུབ་པའི་རྒྱུ་མཚན་ཡང་བོད་གངས་ཅན་པའི་རིག་གནས་ཀྱི་ཁྱད་ཆོས་གཙོ་བོ་བྱམས་སྙིང་རྗེས་བརླན་པའི་རིག་གནས་ཡིན་པས་རེད། དེ་ཡང་གཙོ་བོ་ནང་བསྟན་རིག་གནས་ཀྱི་རྨང་གཞི་བཟང་སྟབས། བྱམས་སྙིང་རྗེ་ཅན་གྱི་མི་རིགས་འདིས་ཐ་ན་སྒོ་ཕྱུགས་ཡིན་ཡང་བརྩེ་བས་འཚོ་སྐྱོང་བྱེད་པ་མ་གཏོགས། ཕྱུགས་ཟོག་ལ་སྡུག་སྨོད་དང་གང་དགར་རྡོ་ཡིས་མི་རྒྱག་པར་མ་ཟད་སྒོ་ཕྱུགས་ལ་འཚོ་སྐྱོང་ལེགས་ཤིང་དུས་ནམ་ཡང་གཡང་ཟོག་དང་ཛམ་བྷ་ལྷས་སྲུང་རྒྱུ་ཟེར་བ་སོགས་མིང་སྙན་པོས་འབོད་པ་དང། སྒོ་ཕྱུགས་དེ་དག་ལ་ཡང་རང་དང་འཚམས་པའི་རྒྱན་ཆ་དྲིལ་བུ་བཏགས་པ། སྐེ་ཐག་ཁྲ་བོ་བཟོ་བ། དར་མཚོན་ལྔས་རྒྱན་པ། རྔ་མ་ལྷས་པ་སོགས་ཡིད་དུ་འོང་བ་ཞིག་བྱེད་བཞིན་ཡོད། ཐ་ན་གྲོག་སྦུར་ཚུན་ཆད་ཀྱི་སྲོག་བསླུ་བ་དང་། འཚེ་བ་མེད་པའི་ལས་ལ་ཞུགས་པ་འདི་དག་མཛའ་མཐུན་དང་འདྲ་མཉམ་གྱི་བྱ་སྤྱོད་ཡིན་པ། དེ་དག་ཀྱང་དམ་ཆོས་ལ་བསྟེན་པའི་དྲིན་རང་རེད། དེར་བརྟེན་བོད་མི་སྤྱི་ཡི་ལས་དོན་ཀུན་པོ་ལ་བྱམས་སྙིང་རྗེ་དང་ལྷག་བསམ་རྣམ་དག་གི་བཅུད་ཀྱིས་གཏམས་པ་ཡིན་སྟབས་དམིགས་བསལ་ཅན་གྱི་གང་ཟག་འགའ་རེ་མ་གཏོགས་བོད་མི་བྱིངས་ནི་བསམ་པ་བཟང་བ། ཕན་སེམས་ཆེ་བ། གཞུང་དྲང་བ། རང་འདོད་ཆུང་བ་ཁོ་ན་ཡིན།

བོད་ཀྱི་གོན་པའི་ཁྱད་ཆོས།


ཁ་ལས་རླུང་རྟ་དགུང་ལ་བསྟོད།桑烟袅袅

བོད་ཀྱི་གོན་པའི་ཁྱད་ཆོས།

藏族服饰

        མི་རིགས་རེ་ལ་རང་གི་ཡུལ་ལུགས་གོམས་གཤིས་དང་མཐུན་པའི་གོན་པ་རེ་ཡོད་པ་ཡིན་ལ། གོན་པ་དེ་ཡང་རིགས་མི་འདྲ་བ། བཟོ་ལྟ་མི་འདྲ་སྣ་ཚོགས་འབྱུང་རྐྱེན་ཡང་། ཁོར་ཡུག་མི་འདྲ་བ། གནས་བབ་མི་འདྲ་བ། ཡུལ་སྲོལ་མི་འདྲ། རིག་གནས་མི་འདྲ་བས་ཐ་དད་དུ་གྱེས་པ་རེད། དཔེར་ན་བོད་ཀྱི་ཡུལ་གྲུ་ནི། རི་མཐོ་ས་གཙང་གངས་རིས་བསྐོར་བའི་ཡུལ་ཡིན་སྟབས། གོན་པ་ཡང་དེ་འཚམས་ཤིག་དགོས་བཞིན་ཡོད། བོད་ཀྱི་རྔུལ་ལེན་དང་། ལྭ་བ་དེ་དག་གི་ཕུ་དུང་ཆེན་པོ་ཡིན་ལ་རིང་པོ་ཡིན་རྐྱེན་ལག་མགོ་མི་འཁྱག་པ་དང། གུ་ཡངས་པ། ལས་ལ་ཞུགས་དུས་ཕུ་དུང་བསྒྱུར་བརྫེ་བྱེད་ཆོག་པ། བྲོ་སོགས་འཁྲབ་དུས་མར་གཏང་ཆོག་པ། ཁོར་ཡུག་དེ་འཚམ་གྱི་རྒྱན་ཆ་རུ་གྱུར་པའི་ཁྱད་ཆོས་ཡོད་དེ། དཔེར་ན་རྩྭ་ཐང་སྟེང་ཞབས་བྲོ་འཁྲབ་མཁན་དེ་དག་གིས་ཕུ་དུང་རིང་བ། བྲོ་ཡི་སྒེག་ཉམས་ཀྱི་སྟངས་སྟབས་ཆེ་བ་དེས་རྩྭ་ཐང་དུ་འཕུར་བའི་གླག་རྒོད་དང་འདྲ་པོ་འདུག་ཅེས་བསྔགས་བརྗོད་བྱེད་པ་བཞིན་ནོ། སྤྱིར་གྱོན་གོས་ལྭ་བ་དང་། རྔུལ་ལེན་ཕུ་དུང་རིང་བ། ཁོག་ཆེ་བ་བཟོས་པ་འདི་དག་གིས་བོད་ཀྱི་ཁོར་ཡུག་རྒྱ་ཆེན་པོ་ཡིན་པ་དང་། ཁོར་ཡུག་དེའི་མཛེས་རྒྱན་དུ་གྱུར་ཡོད་པ་མཚོན་ཡོད། དེ་མིན་བོད་ཀྱི་གྱོན་གོས་དེ་དག་གྲོང་ཁྱེར་ཁོར་ཡུག་དོགས་སར་གོན་ན་རང་བཞིན་གྱིས་སྟབས་མི་བདེ་བ་ཞིག་ཡོང་ངེས་རེད། ལྭ་བའི་རུམ་ཁོག་དེ་འདྲ་ཆེ་བའི་རྒྱུ་མཚན་ཡང་། ཅ་ལག་སྣ་ཚོགས་བཅུག་ཆོག་པ། བྱིས་པ་ཆུང་ཆུང་དེ་ཚོ་རུམ་དུ་ཁུར་བདེ་བ། ཉལ་དུས་ཉལ་ཆས་བྱེད་ཆོག་ལ། ལང་དུས་སྐེད་རག་བཅིངས་རྗེས་སྟབས་བདེ་བ། ཐ་ན་གསང་སྤྱོད་ཁང་མེད་ས་ན་དྲི་ཆེན་དང་། དྲི་ཆུང་གཏོང་དུས་གོས་ཀྱི་ཐུ་བས་གཡོ་ཆོག་པ་སོགས་དགེ་མཚན་མང་པོ་ཡོད། ཚ་བ་ཆེ་དུས་ཕུ་དུང་ཕུད་ནས་སྐེད་པར་མདུད་པ་བརྒྱབ་ཆོག་ལ། གྲང་ངར་ཆེ་དུས་ཕུ་དུང་གོན་ཆོག་པ། ཧ་ཅང་གྲང་ངར་ཆེ་ན་མགོ་རུམ་དུ་བཅུག་ཆོག་པ་ཡིན། དེ་བཞིན་དུ་རི་མཐོ་ཁ་བ་ཅན་གྱི་ཞིང་ནི་གྲང་ངར་ཆེ་སའི་ས་ཡིན་སྟབས། གོན་པ་གཙོ་བོ་སློག་པ་ཡིན་ལ། སྤུ་རིགས་ཀྱིས་བཟོས་པའི་གོན་པ་ནི་གོན་བདེ་ལ་དྲོད་ཆེ་བས་མདོ་དབུས་མཐོ་སྒང་གི་ས་ཁམས་གནས་བབས་དང་འཚམ་པའི་སྔོན་ཐོན་གྱི་གོན་པ་ཞིག་ཡིན་ཞེས་གྲགས་ཡོད། དཔེར་ན་རྒྱ་གར་གྱི་ཁོར་ཡུག་ན་ཚ་བ་ཆེ་བས་གོས་སྲབ་པ་དང་། འཇམ་པ་དགོས་སྟབས། སྲབ་འཇམ་ཡང་པ་ལྷ་ཡི་གོས་ཞེས་གྲགས་ཀྱང་བོད་གངས་ཅན་གྱི་ཡུལ་དང་དེ་འདྲ་འཚམ་པོ་མེད། བོད་ཡུལ་གྱི་གནམ་གཤིས་དང་འཚམས་པ་དེ་གོས་མཐུག་ཤས་ཅན་དེ་ཡིན་ལ། དཔེར་ན་གོས་སུ་ཕྲུག་དང་སྣམ་བུ། ཞྭ་མོའི་རིགས་ལ་དགུན་དུས་ཝ་ཞྭ་དང་ཞྭ་རྣ་བཞི། ཚར་ཞྭ་སོགས་གོན་ཞིང་། དབྱར་དུས་ཕི་ལིང་ཞྭ་མོ་དང་། ཡང་ཞྭ་སོགས་གོན་བཞིན་ཡོད། ལྷམ་ལ་ལྷམ་སྣ་འཁྱིལ། འཇུར་རྟ་དང་འཇུར་རྟ་ཡུ་རིང་སོགས་ཀོ་ལྷམ་རིགས་མང་། གོས་ལྷམ་དེ་དག་ཀྱང་བལ་དང་ཀོ་བས་བཟོས་པས་རྒྱུ་སྤུས་བཟང་བ་དང་། མིའི་མཁལ་མ་དང་ཁྲག་རྩར་ཕན་ནུས་བླ་ལྷག་ཐོན་པས་བདེ་ཐང་ལ་ཆེར་བསྔགས་པའི་གོས་ཡིན་པས་སྔོན་ཐོན་གྱི་གོན་པ་མ་ཡིན་ཟེར་ནས་སུས་བརྗོད་ནུས།


དྲོལ་ཁོལ་འཛོམས་པའི་ཁྱིམ་གཞིས།
温馨的家

ཁོར་ཡུག་དང་ནམ་ཟླའི་ཁྱད་ཆོས།

环境与气候

        ཡུལ་མཐོ་ས་གཙང་གི་བོད་ཡུལ་ནི་འཛམ་གླིང་སྐྱེས་བོ་ཀུན་གྱི་མིག་གི་བལྟ་ས་གཙོ་བོ་ཡིན་ཞིང་ཡུལ་སྐོར་བས་དད་འདུན་བྱེད་ས། ཆེས་ཐ་མའི་སྔོ་ལྗང་གི་ས་ཁུལ་ཡང་ཡིན་པར་མ་ཟད་ཁོར་ཡུག་གཙང་ལ། འབག་བཙོག་མེད་པ། ཉིན་མོ་ཉི་མ་གསལ་ཞིང་། མཚན་མོར་ཟླ་བ་གསལ་བ། གནམ་སྔོན་པོ་ལ་སྤྲིན་དཀར་པོ་འཁྲིགས་ས། ནམ་ཟླ་དུས་བཞིའི་དྲོ་གྲང་གསལ་བ། ཁྱད་པར་དུ་གངས་རི་ར་བས་བསྐོར་བའི་ཞིང་ཁམས་འདི་ནི་ཆུ་བོ་ཐམས་ཅད་ཀྱི་མགོ་ཡིན་ཏེ། འབྲི་ཆུ། རྨ་ཆུ། རྫ་ཆུ་ཐམས་ཅད་འདི་ནས་འབབ་པ་དང་། ད་དུང་མཚོ་ཁྲི་ཤོར་རྒྱལ་མོ་དང་། གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ་སོགས་མཚོ་ཆེ་ཆུང་མང་པོས་གང་ནས་ཡོད་ཅིང་། འབབ་ཆུ་ཐམས་ཅད་ཀྱང་ཆུ་བོ་ཡན་ལག་བརྒྱད་ལྡན་ཡིན་ཞིང་། སྔོན་ཇོ་བོ་རྗེ་ལྷ་གཅིག་གི་ཞལ་ནས། བོད་དུ་ཚོགས་བསགས་བྱེད་ལ་ཆུ་འདི་ལས་གཞན་གང་ཡང་མི་དགོས་ཞེས་གསུངས་མྱངས། དེང་སང་སྤྱིར་འཛམ་གླིང་། བྱེ་བྲག་ཏུ་རྒྱ་ནག་སོགས་ཡུལ་གྲུ་འགའ་ལ་བཏུང་ཆུ་ཡང་དཀོན་དུས་འདིར་བོད་ནས་ལྷོ་ཆུ་བྱང་ལ་འདྲེན་པའི་ལས་གཞི་ཡིས་ཆུ་སྦྱིན་གྱིས་ཕན་པ་རྒྱ་ཆེན་སྒྲུབ་བཞིན་ཡོད།

དུས་ཆེན་གྱི་ཁྱད་ཆོས།

节日庆典

        བོད་གངས་ཅན་པའི་དུས་སྟོན་རོལ་སྟངས་ནི། འཛམ་གླིང་ན་ཁྱད་ཆོས་མངོན་པར་གསལ་བ་ཞིག་ཡིན་ཏེ། དཔེར་ན་དབྱར་གྱི་དུས་སུ་ཡངས་པའི་ཐང་དང་། མཐོན་པོའི་སྤང་རི་ངོས་མཉམ་པ་རྣམས་སུ། གྲོང་སྡེ་སོ་སོས་གུར་ཕུབ་ཏེ་ཉིན་བདུན་བརྒྱད་ཙམ་ལ་དུས་སྟོན་རོལ་བཞིན་ཡོད། ཁོར་ཡུག་མཛེས་པ། སྤང་ངོས་འཇམ་པ། མེ་ཏོག་སྣ་ཚོགས་བཞད་པ། མཁའ་དབུགས་གཙང་བ། གནམ་སྔོན་པོ་ལས་ཉི་མ་ཤར་བ། སྤྲིན་དཀར་པོ་ལས་སྦྲང་ཆར་འཇོ་བ་སོགས་རྩོམ་པ་པོས་སྙན་རྩོམ་བྲིས་པ་ནང་བཞིན་གྱི་ཁོར་ཡུག་དེར། བྲོ་རྡུང་བ། གླུ་ལེན་པ། མགུར་ཤགས་རྩེ་བ། རྟ་རྒྱུག་པ། ཐག་པ་འཐེན་སྟངས་སྣ་ཚོགས་ཏེ། སྐེ་ཤེད་དང་སྐེད་ཤེད། སྒུར་རུ་ཕྱི་འཐེན་བྱེད་པ། སྟག་ཤ་འདྲ་མཉམ་གྱིས་ཤེད་འགྲན་པ། ཤེད་རྡོ་ཁུར་བ་སོགས་འགྲན་རྩོད་བྱེད་པ། ད་དུང་སྒྲུང་པ་ཚོས་སྒྲུང་བཤད་པ། རྒན་པོ་ཚོས་འབེལ་གཏམ་བཤད་པ། གཏམ་སྐད་ཆ་ཅན་པོས་གཏམ་རྒྱུད་བཤད་པ་བཅས་སྟོན་མོ་ལྷ་དང་མཉམ་པ་ཞིག་བྱེད་བཞིན་ཡོད། ལོ་སར་གྱི་དུས་སུ་ཡང་། ཚེས་གཅིག་གི་སྔ་མོར་གསེར་ཆུའམ་སེངྒེའི་ཁ་ཆུ་ལེན་པ། གོས་གསར་པ་གྱོན་པ། ཚེས་གཅིག་གི་སྔ་མོར་གཞི་བྱེས་ལྷན་འཛོམས་ཀྱིས་གདོང་ཁྲུས་དང་། བཀྲ་ཤིས་སྨོན་ལམ། གསོལ་འདེབས་སོགས་བྱ་བ་བཟང་པོའི་རྟགས་དང་རྟེན་འབྲེལ་ལེགས་པར་བྱས་ཏེ་ཁ་དྲོ་བའི་ཟས་རིགས་བཟའ་བ། དེ་ནས་རིམ་བཞིན་ཉིན་དང་པོ་ནས་ཉིན་བཅོ་ལྔའི་བར་དུ་གྲོ་མ་མར་ཁུ་དང་། ཤ་མོག་མོག ཤ་འབྲས། ཤ་ཁུ། ཕག་ཤ་དང་། ཟོག་ཤ་སྡེབ་བཙོས་བྱེད་པ། སྔོ་མ་དང་ཤ་སོགས་རྔོ་ནས་ཅི་འདོད་འདོད་ཟ་བ་དང་། གྲོང་པ་ལ་མི་ཤི་ན་ཚའི་སྐྱོ་སྡུག་མེད་ན་གླུ་ལེན་བྲོ་རྡུང་ཕུན་སུམ་ཚོགས་པ་ཞིག་བྱེད་སྲོལ་ཡོད། ཡང་བོད་མི་ལ་གཞན་ལ་མེད་པའི་ཆོས་ཀྱི་དུས་སྟོན་ཡོད་ལ། དཔེར་ན་ཆོ་འཕྲུལ་ཟླ་བ་དང་། ས་ག་ཟླ་བ། ཚེས་བཅུ་དང་། བཅོ་ལྔ་དང་། སུམ་ཅུ་སོགས་དུས་སྟོན་ཁྱད་པར་ཅན་དེ་རྣམས་སུ། དགེ་བ་སྒྲུབ་ཅིང་ཤ་མི་བཟའ་བ་དང་། འཚེ་བ་མི་བྱེད་པ་སོགས་ཀྱིས་འཚེ་བ་མེད་པའི་བྱ་བ་བཟང་པོ་ཁོ་ན་སྒྲུབ་བཞིན་ཡོད།

མཇུག་བསྡོམས།

结 尾

        བོད་མི་རིགས་ནི་གནའ་བོའི་ས་སྒང་རིལ་མོ་འདིའི་སྟེང་ནས་བྲག་སྲིན་དང་སྤྲེའུ་ལས་ཆད་པའི་མི་རིགས་རང་རྐྱ་འཕེར་བ་ཞིག་ཡིན་ལ། ཡུལ་དང་དུས་ཀྱི་འགྱུར་བ་དང་བསྟུན་ནས་འཚོ་བ་དང་རིག་གནས་དར་སྤེལ་བཏང་ཡོད་ལ། མི་རིགས་འདི་ལ་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་ཡོད་མྱངས་ལ། སུམ་གཉིས་ས་ཡི་བདག་པོ་ཡང་བྱེད་མྱོང་། དེང་གི་དུས་སུ་ཡང་སྲོག་གི་རྒྱུ་བ་མ་ཆད་པར། བསམ་པའི་དཔལ་ཡོན་གྱི་རིག་གནས་དར་བ་ལ། འཛམ་གླིང་གི་མིག་དཔེར་རུ་གྱུར་པའི་རྒྱུ་མཚན་གྱིས་བོད་ཀྱི་རིག་གནས་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་ན་ཕན་ངེས་ཀྱི་ངོས་འཛིན་བྱུང་བས། འཛམ་གླིང་ན་ཡང་དུས་རབས་ཉེར་གཅིག་པ་ནི་བོད་རིག་པའི་ཞིབ་འཇུག་གི་དུས་རབས་ཡིན་ཞེས་སྨྲ་མཁན་མང་ཙམ་བྱུང་ཡོད། ། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1